སྒྲ་སྦྱོར་བྱེད་སྐབས་བྱེད་འབྲེལ་གྱི་ཕྲད་ཇི་ལྟར་སྦྱོར་ཚུལ་སྐོར་རགས་ཙམ་གླེང་བ།
དང་པོ། འཁྲབ་ཚན་སྒྱུར་མའི་སྒྲ་སྦྱོར་གྱི་གནད་དོན་དང་དེའི་རྒྱུ་རྐྱེན།
བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་ནི་ཁ་སྐད་ལ་བརྡ་སྤྲོད་གཞུང་ལྟར་གསལ་ཆ་དང་ཞིབ་ཆ་ཆེར་མེད་པར། ཕལ་ཆེ་བ་བརྗོད་བདེའི་དབང་གིས་འབྲེལ་བ་སྟོན་པར་གི་སྒྲ་དང་། བྱེད་པ་པོའི་སྒྲ་སྟོན་པར་གིས་སྒྲས་འཐུས་ཆོག འོ་ན་བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་འདི་ནི་བརྡ་སྤྲོད་གཞུང་དང་མི་མཐུན་པས་ངེས་པར་དུ་བཅོས་དགོས་སམ་ཞེ་ན། དེ་ཡང་མ་ཡིན་ཏེ། གཅིག་ནས་ཕྲད་སྦྱོར་ཚུལ་སྟབས་བདེ་ཞིང་བརྗོད་བདེ་གཙོ་བོར་བཟུང་ཚུལ་དེ་ཁ་སྐད་ཀྱི་ཉམས་འགྱུར་ཡིན་པ་གང་ཞིག ཡིག་སྐད་དང་ཁ་སྐད་ཀྱི་ཁྱད་པར་འབྱེད་ཆོས་གཙོ་བོ་ཞིག་ཏུ་འཁུམས་པ་དང་། གཉིས་ནས་ལ་དོན་གྱི་ཕྲད་སུ་ར་རུ་དུ་སོགས་ཡིག་འབྲུ་བདུན་པོ་དེ་དག་ལ་ཡིག་གི་དོན་སྟོན་ཚུལ་དང་ཕལ་ཆེར་འདྲ་བས་ལ་དོན་ཞེས་བརྗོད་པ་ལྟར་གི་ཀྱི་གྱི་དང་གིས་ཀྱིས་གྱིས་རྣམས་སྔ་མ་འབྲེལ་བའི་སྒྲ་དང་ཕྱི་མ་བྱེད་པ་པོའི་སྒྲ་སྟོན་ཚུལ་ལ་ཁྱད་པར་ཆེར་མེད་སྟབས་བརྗོད་བདེར་ཁ་སྐད་ལ་གི་དང་གིས་གཉིས་པོས་ཆོག་པར་འཛིན་རུང་ཞིང་། ཡང་སྒོས་ཁ་སྐད་ཀྱི་ཕྲད་སྦྱོར་ཚུལ་དེ་ཡིག་སྐད་ལྟར་བཅོས་དགོས་ན་ངག་ནས་བརྗོད་མི་བདེ་བ་མངོན་སུམ་དུ་གྲུབ་པས་བོད་སྐད་འཁྲབ་གཞུང་སྒྲ་སྦྱོར་སྐབས་ཕྲད་ཀྱི་སྦྱོར་ཚུལ་དེ་ངེས་པར་དུ་ཡིག་སྐད་ལྟར་བཅོས་པའི་དགོས་པ་མེད་མོད། འོན་ཀྱང་བོད་སྐད་འཁྲབ་གཞུང་ལ་སྒྲ་སྦྱོར་སྐབས་བྱེད་འབྲེལ་གཉིས་ཀྱི་ཕྲད་ཀྱི་འཇུག་པ་མི་ནོར་བ་བྱེད་རྒྱུ་གལ་འགངས་ཆེ་ཞིང་། ལྷག་པར་དུ་བྱེད་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་ལ་ནོར་འཛོལ་འབྱུང་སླ་བས་སྐབས་བབ་འཁྲབ་ཚན་ལ་སྒྲ་སྦྱོར་སྐབས་བྱེད་སྒྲའི་ཕྲད་ཇི་ལྟར་སྦྱོར་ཚུལ་སྐོར་རགས་ཙམ་གླེང་བར་བྱའོ།
གཉིས་པ། འཁྲབ་ཚན་ལ་སྒྲ་སྦྱོར་སྐབས་བྱེད་སྒྲའི་ཕྲད་ཇི་ལྟར་སྦྱོར་ཚུལ་སྐོར།
གཅིག ཁ་སྐད་དབང་གིས་བརྡ་སྤྲོད་ཀྱི་གཞུང་ལྟར་སྦྱོར་མི་དགོས་པ། དེ་ཡང་དེང་སྐབས་འཁྲབ་ཚན་སྒྱུར་མར་བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་གནད་ལ་མ་འཁེལ་བ་དང་། སྒྲ་སྦྱོར་བ་རང་ངོས་ཀྱིས་གང་འདོད་དུ་སྦྱོར་བ་མི་ཉུང་བ་ཞིག་མཆིས། གནད་དོན་གྱི་འགག་རྩ་ནི་བྱ་ཚིག་ཞུགས་ཡོད་མེད་དང་། བྱ་ཚིག་ཡོད་ཀྱང་བྱ་བྱེད་ཐ་དད་མིན་ལ་སྣང་འཇོག་མ་བྱས་པའི་སྐྱོན་དུ་མཐོང་། དུས་རྒྱུན་ཁ་སྐད་ལ་ཐེ་ཚོམ་གསལ་བྱེད་ཀྱི་སྒྲ་སྟེ། ཡོད་འགྲོ ཡོད་ན་མེད་ན། ཕལ་ཆེར། ཧ་ལམ་སོགས་སྦྱར་བ་ལས་བྱ་ཚིག་ཞུགས་མེད་ན་བྱེད་པ་པོ་རང་ངོས་ཀྱི་འདོད་ཚུལ་དང་བསམ་ཚུལ་མཚོན་པ་ཙམ་ལས་བྱ་བ་དངོས་སུ་བྱས་མེད་སྟབས་དེ་འདྲའི་རིགས་ལ་བྱེད་སྒྲ་གཏན་ནས་འཇུག་གི་མེད། དཔེར་ན། རང་ལ་ཡོད་འགྲོ ཁོང་ལ་ཡོད་ན་མེད་ན་ལྟ་བུ་རྟོགས་སླ། ཡང་ཐེ་ཚོམ་གསལ་བྱེད་ཀྱི་སྒྲ་དེ་རྣམས་ཀྱི་རྗེས་དེ་མ་ཐག་ཏུ་བྱེད་པ་པོས་རང་དབང་གི་སྒོ་ནས་རྩོལ་ཤུགས་བསྐྱེད་དེ་བྱ་བ་སྟོན་པའི་བྱ་ཚིག་ཐ་དད་པ་དཔེར་ན། རང་གིས་ཤེས་ཀྱི་ཡོད་འགྲོ ཁོང་གིས་མཁྱེན་གྱི་ཡོད་ན་མེད་ན། ཁྱེད་རང་གིས་ཧ་ལམ་མཁྱེན་ཚོད་རེད་ལྟ་བུ་བྱ་ཚིག་དེ་ཐེ་ཚོམ་གསལ་བྱེད་ཀྱི་སྒྲའི་གོང་འོག་གང་དུ་ཞུགས་ཀྱང་རུང་ངེས་པར་བྱེད་པ་པོའི་སྒྲ་སྟོན་བྱེད་ཀྱི་ཕྲད་སྦྱོར་དགོས། དེ་བཞིན་དཔེར་ན། ང་དགའ་པོ་ཟེ་མེད། ངས་དགའ་པོ་ཟེ་བྱེད་ཀྱི་མེད། ང་ཉན་འདོད་མེད། ངས་ཉན་འདོད་བྱེད་གི་མེད་ལྟ་བུ་ཕན་ཚུལ་བསྡུར་བ་ལས་བྱ་ཚིག་ཞུགས་མིན་གྱི་ཁྱད་པར་ལས་བྱེད་སྒྲ་སྦྱོར་དགོས་མིན་གྱི་དབྱེ་བ་རྟོགས་ཐུབ། དེ་བཞིན་བྱ་ཚིག་ཞུགས་ན་ཡང་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ཕྱིན་བྱེད་སྒྲ་འཇུག་གི་མེད། དཔེར་ན། ང་འགྲོ་གི་ཡིན། ང་ཕྱིན་པ་ཡིན་ལྟ་བུའོ།
གཉིས། བྱ་བྱེད་ཐ་དད་མིན་དབང་གིས་བྱ་ཚིག་ཇི་ལྟར་སྦྱོར་དགོས་མིན། བྱེད་སྒྲ་ཞེས་པ་དེ་བྱེད་པ་པོ་གང་ཞིག་གིས་བྱ་བ་གང་ཞིག་བྱས་པ་སྟོན་པས། བྱེད་པ་པོའམ་བྱེད་པ་དང་ལས་སམ་ཡུལ་གྱི་དངོས་པོ་གཉིས་ཐ་དད་དུ་གནས་ན་བྱེད་སྒྲ་སྦྱར་ཆོག་པ་དང་། དེ་ལས་ལྡོག་ན་སྦྱོར་རྒྱུ་མེད། དཔེར་ན། ཤིང་མཁན་གྱིས་སྟ་རེས་ནཌ་ཚལ་དུ་ཤིང་བཅད་ལྟ་བུ་བྱ་བའི་ཡུལ་གཅད་བྱ་ཤིང་དང་གཅོད་པ་པོ་ཤིང་མཁན་གཉིས་པོ་ཐ་དད་དམ་ལོགས་སུ་བཀར་ཆོག་པའི་ཆ་ནས་བྱེད་སྒྲ་འཇུག་གི་ཡོད། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིགས་འཕྲུལ་མེ་ལོང》ལས། བྱེད་སྒྲ་ནི་བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་འབྱེད་བྱེད་ཀྱི་རྐྱེན་གལ་ཆེན་ཞིག་ཡིན་ཏེ། བྱེད་པ་པོ་དང་བྱེད་པའི་སྒྲ་ཚིག་ཟིན་ལ་དངོས་སུ་ཐོན་ཚེ་བྱེད་སྒྲའི་ཕྲད་ཅིག་ངེས་པར་དུ་སྦྱར་དགོས་སོ་གསུངས། དེ་ཡང་བྱེད་པ་པོ་དང་འབྲེལ་བ་དཔེར་ན། བཀྲ་ཤིས་ཀྱིས་ཡི་གེ་བྲིས། སྟ་རེས་ཤིང་བཅད། སྨྱུ་གུས་ཡི་གེ་བྲིས་ལྟ་བུ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བ་དཔེར་ན། འཁོར་ལོ་འཁོར། ལྕང་མ་སྐྱེས་ལྟ་བུ་ཡིན་ཞིང་། ཁྱད་པར་འབྱེད་ཆོས་ནི་བཏུལ་ཏེ་ཐུལ། སྐོར་ཏེ་འཁོར། བཅག་སྟེ་ཆག བཅུན་ཏེ་ཆུན། བཀུག་སྟེ་ཁུག གཏོར་ཏེ་འཐོར་ལྟ་བུའོ།
གསུམ། བྱེད་སྒྲའི་ཕྲད་ཚང་མས་བྱེད་པ་པོས་བྱ་བ་བྱས་པའི་དོན་མི་སྟོན་པའི་སྐོར།
འོ་ན་བྱེད་སྒྲའི་ཕྲད་ཡོད་ཚད་ཀྱིས་བྱེད་པ་པོའི་དོན་སྟོན་པ་ཡིན་ནམ་ཞེ་ན་དེ་ཡང་མ་ཡིན་ཏེ། དཔེར་ན་སྡོང་པོ་རིམ་གྱིས་སྐྱེས། རྩི་ཤིང་ངང་གིས་སྐམ། ཆུ་བོའི་བཞུར་རྒྱུན་རང་བཞིན་གྱིས་ཆད་ལྟ་བུ་ནི་བྱ་དངོས་ཇི་ལྟར་གྲུབ་ཚུལ་སོགས་ཀྱི་ཁྱད་པར་འབྱེད་པའི་ཕྱིར་དུ་གྱིས་དང་གིས་སོགས་སྦྱར་བ་ལས་བྱ་བ་དེ་རིགས་བྱེད་པ་པོ་གང་ཞིག་གིས་བྱ་པ་བྱས་པ་སྟོན་པའི་སླད་དུ་སྦྱར་བ་མིན་སྟབས་རིམ་གྱིས་དང་། ངང་གིས་སོགས་ཀྱི་སྒྲ་མེད་ཀྱང་ཚིག་གི་སྦྱོར་བ་དང་བྱ་བའི་དོན་ལ་མི་གནོད་པས་མེད་ཀྱང་རུང་བ་ཡིན། ལྕགས་ཐར་རྒྱལ་གྱིས་རིམ་གྱིས་ངང་གིས་སོགས་ནི་བྱེད་སྒྲ་མ་ཡིན་པའི་དོན་གཞན་ལ་འཇུག་པ་ཡིན་པས་རྣམ་དབྱེ་གསུམ་པ་དངོས་ཀྱི་བསྟན་བྱ་མ་ཡིན་པ་ངེས་པར་བྱའོ་གསུངས་སོ།
གཞན་ཡང་ཁ་སྐད་ལ་བྱ་ཚིག་འཕར་མ་སྦྱོར་སྲོལ་མཆིས་པ། དཔེར་ན། བཀྲ་ཤིས་ཀྱིས་གསལ་བཤད་བྱེད་པར་སླེབས་སོང་། བཀྲ་ཤིས་ཀྱིས་སྒོ་ཕྱེ་བར་ཕྱིན་སོང་། མདུད་པ་ཤུགས་ཀྱིས་བཀྲོལ་བས་གྲོལ་སོང་ལྟ་བུ་ཐ་དད་པའི་བྱ་ཚིག་སྔོན་དུ་སླེབས་ན་ཐ་མི་དད་པའི་བྱ་ཚིག་དེས་བྱེད་པ་པོས་ཡུལ་གང་ལ་བྱ་བ་ཞིག་དངོས་སུ་བྱས་པའི་རྗེས་འབྲས་སྟོན་ཞིང་། བྱ་བ་དེ་རིགས་ཀྱི་སྔ་ལོགས་ན་བྱེད་པ་པོའམ་བྱེད་པ་དངོས་ཀྱིས་བསྒྲུབས་པའི་བྱ་བ་ཞིག་ཡོད་ངེས་པས་དེ་རིགས་ནི་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་གི་རིགས་ཤིག་ཡིན། ཡང་དཔེར་ན། བཀྲ་ཤིས་ཀྱིས་ཉལ་ནས་དེབ་བལྟས། ཁོང་གིས་བཞུགས་ནས་བཀའ་མོལ་གསུངས། ངས་མགོ་ན་ཡང་སྡུག་རུས་བྱས་པ་ཡིན་ལྟ་བུ་ནི་ཐ་མི་དད་པའི་བྱ་ཚིག་སྔོན་དང་ཐ་དད་པའི་བྱ་ཚིག་རྗེས་སུ་ཡོད་ཀྱང་ཐ་མི་དད་པའི་བྱ་ཚིག་དེ་བྱ་བ་དེ་རིགས་ཇི་ལྟར་གྲུབ་ཚུལ་གྱི་ཁྱད་པར་འབྱེད་པའི་ཕྱིར་དུ་སྦྱར་བ་ལས་དེའི་ཕྱིར་ལོཌ་སུ་བྱེད་པ་པོའམ་བྱེད་པ་དངོས་ཀྱིས་སྒྲུབ་པའི་བྱ་བ་ཡོད་ངེས་པས་དེ་རིགས་ཀྱང་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཚིག་ཅིག་ཡིན། མདོར་ན། བྱ་ཚིག་མ་ཞུགས་བྱེད་སྒྲ་ཐོབ་ཐང་མེད། །ཞུགས་ཀྱང་ཐ་དད་མིན་ན་སྤོངས་བར་བྱ། །བྱེད་པོ་དང་འབྲེལ་ལས་ལ་སྦྱར་ཆོག་ཀྱང་། །བྱེད་ལས་ངོ་བོ་གཅིག་པར་སྦྱར་ན་འཁྲུལ། །
(བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྒྲ་སྦྱོར་བ་སྐལ་བཟང་རྡོ་རྗེ)