བོད་ཀྱི་བུད་མེད་དགེ་རྒན་ཆེ་མོ་བ་ཐོག་མ་བྱང་ངོས་པ་ཚེ་གཡང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་སློབ་ཁྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི་སྐོར་བཀོད་པ།
འདི་ནི་བྱང་ངོས་པ་ཚེ་གཡང(གཡོན་གྱི་གསུམ་པ)དང་ཁོང་གི་2023ལོའི་འབུམ་རམས་པའི་སློབ་ཐོན་ཞིབ་འཇུག་སློབ་མའི་མཉམ་པར་ཡིན་པ།
ལོ་རེའི་ཟླ་བ་དྲུག་པ་སླེབས་རིམ་བཞིན་སློབ་གྲྭ་ཆེན་མོའི་གྲུ་ཟུར་ཁག་ནས་སློབ་མ་རྣམས་བདེ་བླག་ངང་སློབ་ཐོན་བྱུང་བའི་བཀྲ་ཤིས་ཀྱི་སྨོན་ཚིག་སྣ་ཚོགས་ཐོས་རྒྱུ་འདུག་ལ་སློབ་གནས་གྱོན་ཆས་ལེགས་པར་གྱོན་ནས་རང་ཉིད་ཀྱི་ལང་ཚོའི་བཀྲག་མདངས་འཚེར་སའི་སློབ་གྲྭའི་ཁོ་ར་ཁོར་ཡུག་དུ་དགེ་སློབ་ཕན་ཚུན་དང་སློབ་གྲོགས་ཕན་ཚུན་མཉམ་དུ་དྲན་རྟེན་པར་རྒྱག་མཁན་ཡང་མང་དག་མཐོང་རྒྱུ་འདུག
ཟླ་6ཚེས་19ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཚོགས་ཁང་ནང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་གྱི་སློབ་གནས་དཔང་ཡིག་དང་སློབ་ཐོན་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་བ་རེད། མི་ཚེ་གང་པོ་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གཞོལ་བའི་བྱང་ངོས་པ་ཚེ་གཡང་གིས་རང་ཉིད་ཀྱི་སློབ་མ་རྣམས་བདེ་བླག་ངང་སློབ་གནས་ལག་ཁྱེར་ལེན་ཐུབ་པ་དང་སློབ་ཐོན་ལེགས་གྲུབ་བྱུང་པ་མཐོང་རྗེས་སེམས་གཏིང་ནས་དགའ་སྣང་ཆེན་པོ་བྱུང་།
བྱང་ངོས་པ་ཚེ་གཡང་ནི་སློབ་གསོ་བའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་ཆུང་དུས་ནས་ཁྱིམ་རྒྱུད་ཀྱི་སློབ་གསོའི་ལས་འབྲེལ་དང་ཕ་བྱང་ངོས་པ་རྡོ་རྗེ་དངོས་གྲུབ་ཀྱི་ཡང་དག་པའི་སློབ་སྟོན་འོག་1975ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས་བོད་ལྗོངས་སློབ་གྲྭ་ཆེན་མོ(དེ་སྔོན་བོད་ལྗོངས་དགེ་འོས་སློབ་ཆེན་ཟེར)རུ་རྒྱ་བོད་ཡིག་སྒྱུར་སོགས་ཀྱི་སློབ་ཁྲིད་གནང་འགོ་ཚུགས།
འདི་ནི་བྱང་ངོས་པ་ཚེ་གཡང་གིས་སློབ་ཁྲིད་གནང་བའི་གནས་ཚུལ་ཡིན་པ།
སློབ་མ་ཚོའི་གཅིག་རྗེས་གཉིས་མཐུད་ཀྱི་དྲི་བ་དང་སློབ་སྦྱོང་ལ་སྐོམ་པ་ཆུ་འདོད་བྱེད་པའི་རྣམ་འགྱུར་དང་། དེ་བཞིན་སློབ་གྲྭའི་ལས་རོགས་ཚོའི་ལས་ཀའི་ཧུར་སེམས་དང་སློབ་གསོའི་བྱ་བར་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་ཟབ་མོ་བཅས་མཐོང་ཚོར་ཡོང་དུས། ཐོག་མར་དགེ་རྒན་དེ་ཙམ་བྱེད་འདོད་མེད་པའི་བྱང་ངོས་པ་ཚེ་གཡང་གི་ཕ་མ་གཉིས་པོས་ཁོང་དགེ་རྒན་བྱས་ན་ཇི་ལྟར་བཟང་ཚུལ་གྱི་བཀའ་སློབ་དག་ཡིད་ལ་ཚོར་ཐུབ་པ་བྱུང་བ་མ་ཟད་“ཕ་མ་བཟང་པོའི་བུ་ཕྲུག དགེ་རྒན་བཟང་པོའི་དགེ་ཕྲུག”ཟེར་བ་ལྟར་ཕ་མས་བསྟན་གནང་བའི་བཤུལ་ལམ་རིང་མོ་དེའི་ཐོག་མུ་མཐུད་བསྐྱོད་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཀྱང་བཙུགས་པ་རེད།
ཁོང་གིས་སྔ་རྗེས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་རྒྱ་བོད་ཡིག་སྒྱུར་དང་བོད་ཀྱི་ལོ་རྒྱུས་སོགས་ཀྱི་སློབ་ཁྲིད་གནང་ཞིང་། 1999ལོར་ཁོང་ཉིད་བོད་ཀྱི་ལོ་རྒྱུས་ཆེད་ལས་ཀྱི་དགེ་རྒན་ཆེན་མོར་བདམས་ཐོན་བྱུང་སྟེ་བོད་ལྗོངས་སློབ་ཆེན་གྱི་བུད་མེད་དགེ་རྒན་ཆེ་མོ་བ་ཐོག་མ་དེ་དང་ལོ་ན་ཆུང་ཤོས་ཀྱི་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར་བ་རེད། ཁོང་གིས་རང་ཉིད་ཀྱི་མཚན་སྙན་བཟང་པོ་དེར་འདོད་བློ་ཁེངས་ནས་མ་བཞུགས་པར་མུ་མཐུད་དུ་བརྩོན་པ་ཆེར་སྐྱེད་ངང་སློབ་མ་གསོ་སྐྱོང་བྱེད་པའི་ལས་ལ་གཞོལ།
ཉིན་ཞིག་སློབ་ཁྲིད་བགྲོ་གླེང་ཐོག་སློབ་མ་ཞིག་གིས་ཁོང་ལ་བོད་ཀྱི་ལོ་རྒྱུས་ཐོག་སྤྱིར་ན་སྐྱེས་པའི་ལོ་རྒྱུས་མི་སྣ་མཐོང་མང་བ་ལས་བུད་མེད་ལོ་རྒྱུས་མི་སྣ་དེ་ཙམ་མཐོང་དཀོན་པའི་རྒྱུ་མཚན་གང་ཡིན་མིན་སྐོར་སྐད་ཆ་དྲིས་པ་དེས། དུས་རྒྱུན་ནས་སློབ་སྦྱོང་དང་བསམ་གཞིགས་གནང་རྒྱུར་དགའ་ཞིང་སྤྲོ་བའི་བྱང་ངོས་པ་ཚེ་གཡང་ལ་བོད་ཀྱི་བུད་མེད་སྐོར་ཞིབ་འཇུག་བྱེད་པའི་བློ་སྒོ་ཞིག་ཕྱེས།
གོ་སྐབས་ནི་གྲ་སྒྲིག་ཅན་ལ་དབང་བ་ཡིན་ཟེར་བ་བཞིན་2001ལོར་སློབ་གྲྭའི་དབུ་ཁྲིད་ཀྱི་རྒྱབ་སྐྱོར་དང་ཕྱོགས་ཁག་གི་མཐུན་རྐྱེན་འོག་བོད་ཀྱི་བུད་མེད་ཞིབ་འཇུག་ཁང་ཐོག་མ་དེ་དངོས་སུ་བཙུགས་པ་དང་བོད་ཀྱི་བུད་མེད་ཐད་ཀྱི་ཞིབ་འཇུག་ལས་དོན་ལ་ཐེམ་སྐས་གསར་པ་ཞིག་སྣོན་ཐུབ་པ་བྱུང་བས། ཁོང་ལ་དུས་རྒྱུན་གྱི་སློབ་ཁྲིད་ལས་དོན་ཕུད་ཞིབ་འཇུག་གི་ལས་དོན་གསར་པ་ཞིག་ཕྲག་ཐོག་ཏུ་བབས།
འདི་ནི་བྱང་ངོས་པ་ཚེ་གཡང་(གཡས་ཀྱི་དང་པོ)དང་བུད་མེད་ཞིབ་འཇུག་ཁང་གི་ཁོངས་མི་ཚོའི་པར་ཡིན་པ།
“དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བ”ལྟར་ཁོང་གིས་རང་ཉིད་ཀྱི་མི་ཚེ་གང་པོའི་ནང་སློབ་མ་མང་པོ་བྱམས་ཀྱིས་བསྐྱངས་ཡོད་ཅིང་། ད་ཆ་སློབ་མ་མང་ཆེ་བ་སྤྱི་ཚོགས་ཐོག་ལས་རིགས་སྣ་ཚོགས་ཀྱི་ཁྲོད་དུ་རྐང་འཛིན་མི་སྣར་གྱུར་ཡོད་ལ། སློབ་མ་འགའ་རེ་ནི་ཁོང་གི་ལས་རོགས་སུའང་གྱུར་ཡོད།
ཀྲང་ཧུད་མིང་ནི་བྱང་ངོས་པ་ཚེ་གཡང་གི་ད་ལོའི་འབུམ་རམས་པའི་སློབ་ཐོན་ཞིབ་འཇུག་སློབ་མ་ཞིག་རེད། ཁོང་གིས“དཔྱད་རྩོམ་ལེགས་གྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་བཅར་འདྲི་བྱ་ཡུལ་དང་འབྲེལ་གཏུག་བྱེད་དཀའ་བ་དང་། ཡུལ་དངོས་སུ་བརྟག་དཔྱད་བྱེད་པར་ལམ་ཐག་རིང་བ་དང་བཅར་འདྲི་བྱེད་དུས་སྐད་བརྡ་མི་འཕྲོད་པ། བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་བཙལ་འཚོལ་དང་ལྟ་ཀློག་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བྱུང་། འོན་ཀྱང་མཛུབ་སྟོན་དགེ་རྒན་བྱང་ངོས་པ་ཚེ་གཡང་ལགས་ཀྱིས་དུས་རྒྱུན་ནས་འཚོ་བའི་ཐད་སེམས་འཁུར་ཆེ་བ་དང་། སློབ་སྦྱོང་ཐད་སྐུལ་ལྕག་དང་བཀའ་སློབ་གནང་བ། དཔྱད་གཞི་མང་པོ་ལམ་སྟོན་གནང་བ་སོགས་དཀའ་ངལ་མང་པོ་གཅིག་རྗེས་གཉིས་མཐུད་ངང་སེལ་རོགས་གནང་སྟབས། དེ་རིང་གི་སློབ་གནས་དཔང་ཡིག་ལག་ཁྱེར་དེ་བདེ་བླག་ངང་ལེན་ཐུབ་པ་དང་། དེ་ནི་དགེ་རྒན་བཟང་པོ་ཁོང་གི་བཀའ་དྲིན་དང་ཁ་བྲལ་ཐབས་རྩ་བ་ནས་མེད”ཅེས་གསར་འགོད་པར་དྲིན་ཚོར་ཆེན་པོས་བཤད་བྱུང་།
འདི་ནི་བྱང་ངོས་པ་ཚེ་གཡང་(སྟར་པ་རྒྱབ་ཀྱི་གཡས་ཀྱི་བཞི་པ)དང་ཤེས་རམས་པའི་ཞིབ་འཇུག་སློབ་མ་རྣམས་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།
བྱང་ངོས་པ་ཚེ་གཡང་གིས་སྔར་ནས་བཟུང་ཞིབ་འཇུག་ལས་དོན་ལ་གཟབ་ནན་ཆེ་ཞིང་རང་ཉིད་ཀྱི་དཔྱད་གཞི་གང་ཡོད་པ་དེས་ཞིབ་འཇུག་དཔྱད་འབྲས་ཀྱི་ཁུངས་དང་ལུང་བཙན་པར་གནང་བ་དང་། ཞིབ་འཇུག་གི་ཁ་ཕྱོགས་དང་ནང་དོན་ལ་ཁྱད་ཆོས་ཟབ་མོ་ལྡན་པས། ཁོང་གིས་སྤེལ་བའི་དཔྱད་རྩོམ་མང་དག་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་མཁས་དབང་ཚོའི་གཅིག་གྱུར་གྱི་གདེང་འཇོག་མཐོ་པོ་ཐོབ་པ་དང་། ཁོང་ཡང་དགེ་རྒན་དཀྱུས་མ་ཞིག་ནས་གྲགས་ཅན་གྱི་བོད་རིག་པའི་ཞིབ་འཇུག་པ་ཞིག་ཏུ་གྱུར། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཞིབ་འཇུག་ཉམས་མྱོང་རྣམས་སློབ་མ་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་སྦྱིན་བཞིན་མཆིས།
ཏིང་འཛིན་རྒྱལ་ནི་བྱང་ངོས་པ་ཚེ་གཡང་གི་ཤེས་རམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཕུལ་བྱུང་ཞིག་རེད། རྒན་ལགས་ཁོང་ནི་ང་ཚོ་དགེ་སློབ་ཁྱིམ་ཚང་ཆེན་མོའི་ནང་གི་ཕ་མ་ཞིག་དང་འདྲ་བར་དུས་རྒྱུན་ནས་ང་ཚོ་མི་རིགས་ཁག་གི་སློབ་མ་རྣམས་ཁྱིམ་ཚང་གཅིག་ལྟར་ཤིན་ཏུ་ནས་འཆམ་ཞིང་མཐུན་ལ་ཕར་རོགས་ཚུར་རོགས་དང་ཕན་ཚུན་ལེགས་ཆ་སློབ་སྦྱོང་བྱེད་དགོས་པའི་མངགས་ཆ་ཡང་ཡང་དུ་གནང་བ་དང་། ལྷག་པར་དུ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སེམས་པ་རྣལ་དུ་ཕབ་ནས་ཞིབ་འཇུག་བྱེད་དགོས་པ། ཞིབ་འཇུག་གི་ལས་དོན་དེ་ཡུན་རིང་ཞིང་གཏིང་ཟབ་པས་དུས་རྟག་ཏུ་སློབ་སྦྱོང་བྱེད་དགོས་པའི་བསམ་པ་ཞིག་འཁུར་དགོས་པ། དཔྱད་གཞིར་གཟབ་ནན་དང་མཐོང་ཆེན་བྱེད་དགོས་ཁར་ཐོས་པ་རྒྱ་ཆེན་པོ་གསོག་དགོས་ཚུལ་སོགས་ཀྱི་ཐད་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་གང་མང་གནང་ལུགས་གསར་འགོད་པར་བཤད་བྱུང་།
འདི་ནི་བྱང་ངོས་པ་ཚེ་གཡང་གིས་སློབ་ཁྲིད་གནང་བཞིན་པའི་གནས་ཚུལ་ཡིན་པ།
བོད་ཀྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཁྲོད་མི་མང་པོས་སྐུ་ལས་ཚད་མེད་བསྐྱོན་ཡོད། བྱང་ངོས་པ་ཚེ་གཡང་གི་པ་ལགས་བྱང་ངོས་པ་རྡོ་རྗེ་དངོས་གྲུབ་ཀྱིས་ལོ་ངོ་60ཡི་རིང་གི་ཉེ་བའི་བོད་ཀྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དཔང་པོ་བྱེད་ཐུབ།“པ་ལགས་ཁོང་སྨན་ཁང་དུ་སྨན་བཅོས་བྱས་ནས་བཞུགས་རིང་། ནད་གཡོགས་བྱེད་བཞིན་པའི་ང་ལ་སློབ་མ་ཚོར་ཁྱོད་དགོས་མཁོ་ཆེ་བས་གང་མགྱོགས་སློབ་གྲྭར་ལོག་རྒྱུའི་མངགས་ཆ་ཐེངས་མང་གནང་མྱོང”ཞེས་བྱང་ངོས་པ་ཚེ་གཡང་གིས་དྲན་གསོ་གནང་བཞིན་དུ་གསུངས།
ཁོང་གིས་དངོས་གཞིའི་སློབ་མ་མང་པོར་སློབ་ཁྲིད་གནང་མྱོང་ལ། ལྷག་པར་དུ་ཤེས་རམས་པའི་ཞིབ་འཇུག་སློབ་མ་40ལྷག་ཙམ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་5བཅས་ལ་མཛུབ་སྟོན་གསོ་སྐྱོང་གནང་མྱོང་ལ། སློབ་མ་རྣམས་ལའང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།“ད་ལོ་ཡང་འབུམ་རམས་པའི་ཞིབ་འཇུག་སློབ་མ་མུ་མཐུད་ནས་གསོ་སྐྱོང་བྱ་རྩིས་ཡོད”ཅེས་གསར་འགོད་པར་བཤད་བྱུང་བས་ཁོང་གིས་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ཕ་མ་གཉིས་པོའི་བསམ་འདུན་ལེགས་པར་སྒྲུབ་བཞིན་ཡོད། 2021ལོར་ཁོང་གི་ཁྱིམ་ཚང་ལ་“སློབ་གསོའི་ཁྱིམ་རྒྱུད”ཅེས་པའི་མཚན་སྙན་བཟང་པོ་ཐོབ་ཡོད་ལ། བྱང་ངོས་པ་ཚེ་གཡང་ལའང་“བཞི་ལྡན”གྱི་དགེ་རྒན་ཡག་པོའི་མཚན་སྙན་ཐོབ་ཡོད།
བྱང་ངོས་པ་ཚེ་གཡང་གིས་ད་ཆ་གྲོང་ཁྱེར་དང་། གྲོང་གསེབ། ཞིང་འབྲོག་ཁུལ་ཁག་བཅས་ནས་ཡོང་བའི་སློབ་མ་རྣམས་ལ་སློབ་གསོ་མྱོང་བའི་སྐལ་བ་བཟང་པོ་མང་པོ་གནང་གི་ཡོད་པ་དང་། ཤེས་རིག་དགའ་ཚལ་ནང་དུ་སློབ་མ་རྣམས་རང་སོ་སོའི་ལང་ཚོའི་མཛེས་པ་དང་མཉམ་དུ་འཚར་ལོངས་ཡོང་བཞིན་པ་མཐོང་དུས། ཕ་བཟང་པོས་བྱས་པའི་ལས་ལ་འབྲས་བཟང་སྨིན་པ་ཚོར་ཅིང་། རང་ཉིད་ཀྱིས་ཕ་མའི་ཐོག་མའི་བསམ་འདུན་ཆུད་ཟོས་སུ་བཏང་མེད་པ་མ་ཟད། སློབ་གསོའི་བྱ་གཞག་སྒྲུབ་པའི་ལམ་བུ་གདམ་ག་གནང་བ་དེའང་ཡང་དག་པ་ཞིག་ཡིན་པ་དགའ་བ་འབུམ་གྱིས་རོལ་བཞིན་མཆིས།། (གསར་འགྱུར་གྱི་པར་ཚང་མ་བྱང་ངོས་པ་ཚེ་གཡང་གིས་མཁོ་འདོན་བྱས།)
བསོད་ནམས་དབང་འདུས་ཀྱིས་གསར་འགྱུར་འགོད་སྤེལ་བྱས།