དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་ཡུལ་སྲོལ།
  • སྲོལ་རྒྱུན་ལག་རྩལ་གོང་དུ་སྤེལ། རེ་བའི་ཕུགས་འདུན་དོན་དུ་གཉེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-17

    དབང་པོ་སྐྱོན་ཅན་ཚོས་འཚེམ་བཟོའི་ལག་རྩལ་འགྲན་བསྡུར་ལ་ཞུགས་བཞིན་པ།

    བསྟན་འཛིན་དགེ་བཤེས་ཀྱིས་བཙུགས་པའི་སྤོས་བཟོ་ཁང་གི་ཟུར་གཅིག

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་གླིང་དུ་བཅའ་སྡོད་བྱས་པའི་ཁེ་ལས་ཀྱི་ལས་དོན་པས་དབང་པོ་སྐྱོན་ཅན(གཡོན)ཞིག་ལ་ལས་ཞུགས་རྩལ་ནུས་སློབ་བཞིན་པ།

    བསྟན་འཛིན་དགེ་བཤེས།

    དབང་པོ་སྐྱོན་ཅན་ཚོས་སྒོ་ཡོལ་འཚེམ་བཞིན་པ།

    ཐོན་པ་གྲོང་རྡལ་གྱི་ཡུལ་མིས་སྤོས་བཟོ་བཞིན་པ།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ནི་བོད་ཡིག་དང་སྤོས་ཀྱི་སྲོལ་གཏོད་པ་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་པས། དེར“བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ་དང་སྤོས་ཀྱི་རིག་གནས་ཀྱི་འབྱུང་ཁུངས”ཞེས་པའི་མཚན་སྙན་ལྡན་པ་མ་ཟད། ཉེ་རིང་གང་སར་སྐད་གྲགས་ཆོད་པའི“བཟོ་བོ་མཁས་པའི་ཕ་ཡུལ”ཞེས་ཀྱང་བརྗོད། ཐོན་པ་གྲོང་རྡལ་ནི་སྙེ་མོའི་སྤོས་ཐོན་ཡུལ་གཙོ་བོ་ཡིན་པ་དང་། ས་གནས་དེ་གའི་སྤོས་ཀྱི་རྒྱུ་ཆ་ཆུ་འཁོར་གྱིས་འཐག་པའི་བཟོ་རྩལ་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན། 2008ལོར་སྤོས་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྙེ་མོའི་སྤོས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲས་སུ་གྱུར་ཡོད།

    1988ལོར་བསྟན་འཛིན་དགེ་བཤེས་ཐོན་པ་གྲོང་རྡལ་གྱི་ཐོན་ཕུ་གྲོང་ཚོར་སྐྱེས་ཤིང་། ཁོང་ནི“ཐོན་སྨན་གྲོང”གི་སྤོས་བཟོ་རྩལ་རྒྱུན་འཛིན་པ་མི་རབས་བཅུ་བཞི་པ་རེད། “ང་ཚོའི་ཁྱིམ་གྱི་མི་རབས་མང་པོས་སྤོས་བཟོ་ཤེས་ཀྱི་ཡོད། ངས་ཆུང་དུས་ནས་རང་རྐྱ་འཕེར་བའི་ངང་སྤོས་བཟོ་ཤེས་ཀྱི་ཡོད། དེ་སྔ་ཞིང་དལ་གྱི་སྐབས་སུ་ང་ཚོས་སྤོས་སྒལ་པར་འཁུར་ནས་ལྷ་ས་དང་གཞིས་རྩེར་འཚོང་བར་འགྲོ་གི་ཡོད”ཅེས་བསྟན་འཛིན་དགེ་བཤེས་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

    2008ལོར་བསྟན་འཛིན་དགེ་བཤེས་རང་ཉིད་ཀྱི་འདུན་པ་ལྟར་ནུབ་བྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ནས་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་སྦྱོང་བའི་བསྐལ་བ་ཐོབ།

    2012ལོར་སློབ་གྲྭ་ཐོན་རྗེས་བསྟན་འཛིན་དགེ་བཤེས་ཀྱིས་སྤོས་བཟོ་བའི་འདུན་པ་བཅངས་ཏེ་གཞུང་ལས་པར་རྒྱུགས་སྤྲོད་པའི་གོ་སྐབས་དོར་ནས། ལྷ་ས་དང་པེ་ཅིང་སོགས་སུ་བསྐྱོད་པ་མ་ཟད། ལྗོངས་ཕྱིའི་སྤོས་ཀྱི་བྲིན་ཚོང་གནས་ཚུལ་ཤེས་རྟོགས་དང་སྤོས་ཀྱི་ཁྲོམ་རའི་དགོས་མཁོ་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་རྟོགས་ཞིབ་ཀྱང་བྱས། དེ་དུས་ཕ་མ་དང་གྲོགས་པོའི་བསམ་ཤེས་མ་ཐོབ་ནའང་། ཁོང་གིས་སྔར་རྒྱུན་བཞིན་རང་ཉིད་ཀྱི་ཕུགས་འདུན་མཐའ་འཁྱོངས་བྱས་ནས་དཀའ་ངལ་གྱི་སྔུན་བསུས།

    ལོ་གཅིག་ལྷག་ཙམ་རྟོག་ཞིབ་བྱས་རྗེས། བསྟན་འཛིན་དགེ་བཤེས་ཐོན་པ་གྲོང་རྡལ་དུ་ལོག་ནས་རང་ཉིད་ཀྱིས་སྤོས་བཟོ་བའི་ཚོགས་པ་ཞིག་བཙུགས་པ་མ་ཟད། 2014ལོའི་ཟླ་9པར་ལག་ཤེས་སྤོས་ཕྱིར་ཚོང་གཙོ་བོ་བྱེད་པའི་ལྷ་ས་གྲོང་ཁྱེར་སྨན་གྲོང་ཚོང་དོན་ཚད་ཡོད་ཀུང་སི་དངོས་སུ་བཙུགས། རྒྱུ་ཆ་འཚོལ་བསྡུ་དང་བོད་སྨན་གྱི་སྨན་རྒྱུ་དང་རང་བྱུང་གི་དྲི་རྫས་བརྡུངས་ཏེ་བསྡུར་ཚད་ལྟར་སྤོས་ཀྱི་རྒྱུ་ཆ་སྦྱོར་སྡེབ་ནས་རྫི་བ་དང་། སྙོལ་བ། བཙིར་བ། ཉི་སྐམ་གཏོང་བ། ཐུམ་རྒྱག་པ་སོགས་བྱས་ནས་ཁོང་གིས་སྤོས་བཟོ་བའི་བརྒྱུད་རིམ་རེ་རེ་བཞིན་ཞིབ་ཚགས་པོ་ཡོང་བ་བྱས་ཏེ་སྲོལ་རྒྱུན་གྱི་བཟོ་རྩལ་ལྟར་བཟོ་བ་ལས་འཕྲལ་སེལ་སླ་བཅོས་གཏན་ནས་བྱེད་ཀྱི་མེད།

    ད་ཆ་བསྟན་འཛིན་དགེ་བཤེས་ཀྱིས་བཟོས་པའི་སྤུས་རྟགས་སྤོས་ལ་རིགས་གཉིས་ཡོད་པ་སྟེ། གཅིག་ནི་མེས་པོའི་སྲོལ་རྒྱུན་གྱི་གསང་བའི་སྦྱོར་སྡེབ་ལྟར་བཟོས་པའི་སྲོལ་རྒྱུན་གྱི་ལག་ཤེས་སྤོས་ཡིན་པ་དང་། གཞན་ཞིག་ནི་ཚོང་ཤག་མི་འདྲ་བའི་དགོས་མཁོར་གཞིགས་ནས་གསར་དུ་ཞིབ་བཟོ་བྱས་པའི་སྤོས་རེད། “ལོ་ལྟར་ཚོན་མདོག་མི་འདྲ་བའི་སྲོལ་རྒྱུན་གྱི་སྤོས་སྒམ་ཆུང་1000ལས་བཟོ་གི་མེད”ཅེས་བསྟན་འཛིན་དགེ་བཤེས་ཀྱིས་བཤད། ཁོང་གིས་གསར་དུ་ཞིབ་འཇུག་བྱས་ནས་བཟོས་པའི་སྤོས་ལ་སྔོན་མའི་སྤོས་བཞིན་དྲི་དེ་ཙམ་ངར་པོ་མེད་ལ། ད་དུང་ཚན་རྩལ་དང་འབྱུང་འཕྲོད་ཀྱི་རྒྱུ་ཆ་ཡང་འདུས་ཡོད། ལྷག་པར་དུ་དྲི་ཞིམ་སྤོས་ཆུར་མི་མང་པོས་དགའ་པོ་བྱེད་པས་ལྷ་སར་འཚོང་བ་མ་ཟད། དྲ་ཐོག་ནས་ལྗོངས་ཕྱིའི་གྲོང་ཁྱེར་མང་པོར་འཚོང་གི་ཡོད་ཅེས་བཤད།

    2020ལོར་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་གླིང་དུ་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ལས་གཏོད་གསོ་སྦྱོང་དང་ལས་ཞུགས་ལས་གཏོད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་ནས་བཟུང་། ཁོང་ལས་གཏོད་པ་གྲགས་ཅན་ཞིག་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་རྟེན་གཞིའི་གཉེར་སྐྱོང་བ་ཞིག་ཏུ་གྱུར་ཏེ་ཚོགས་པའི་སྣེ་ཁྲིད་ནས་བཅའ་ཁྲིམས་འཆད་ཁྲིད་དང་། རིག་གནས་བགྲོ་གླེང་། ལས་གཏོད་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་ལ་གཞོལ་ཞིང་། ལོ་གཉིས་ལྷག་ཙམ་གྱི་ལས་ཀའི་ལག་ལེན་ལས་ཁོང་ལ་ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལས་གཏོད་ལ་རོགས་རམ་བྱ་རྒྱུ་ནི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་ཡོད།

    ད་ཆ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་གླིང་དུ་ཁེ་ལས་25དང་ལས་གཏོད་ཚོགས་པ་11ཡོད་པ་དང་མི་260ལྷག་ཙམ་ལས་ཞུགས་བརྟན་པོ་ཐུབ་ཡོད།

    “དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་རོགས་རམ་བྱ་རྒྱུ་ནི་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་བྱ་བ་ཞིག་རེད། གང་ལགས་ཤེ་ན། ཕྱོགས་མང་པོ་ནས་འགྲན་སློང་མང་པོ་འཕྲད་ཀྱི་ཡོད་པས་རེད། ཉེ་འགྲམ་དུ་ལས་ཞུགས་ལས་གཏོད་ཐུབ་པའི་གྲོགས་པོ་དབང་པོ་སྐྱོན་ཅན་ཇེ་མང་དུ་འགྲོ་བ་མཐོང་སྐབས། སེམས་གཏིང་ནས་དགའ་ཚོར་ཡོང་གི་འདུག”ཅེས་བསྟན་འཛིན་དགེ་བཤེས་ཀྱིས་བཤད། ཁོང་གིས་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་ཡོང་བར་བྱེད་པ་ནི་དབང་པོ་སྐྱོན་ཅན་གྱི་ལས་དོན་སྒྲུབ་མཁན་ཞིག་གི་འདོར་ཐབས་མེད་པའི་འགན་འཁྲི་རེད་ཅེས་བཤད།

    གཞན་ལ་ཕན་པ་བསྐྲུན་ན། རང་ཉིད་ལའང་སྤྲོ་བ་ཡོང་ངེས། བསྟན་འཛིན་དགེ་བཤེས་ཀྱིས་རང་ཉིད་ཀྱི་ལང་ཚོར་བརྟེན་ནས་དབང་པོ་སྐྱོན་ཅན་གསོ་སྦྱོང་དང་འཚར་ལོངས་ཡོང་བར་རོགས་རམ་བྱས་པ་མ་ཟད། ཁོང་ཚོས་ཀྱང་ཁོང་ལ་བློ་སྟོབས་དང་སྙིང་རུས་སྔར་ལས་མང་བ་སྦྱིན་བཞིན་ཡོད་པས། ཁོང་གི་ཡིད་ཆེས་སྔར་བས་ཆེ་དུ་སོང་ཡོད་ལ་ཞུམ་མེད་ཀྱི་བློ་སྟོབས་ཀྱང་སྔར་བས་འཕེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།