《འབྲོག་སྟོང་གི་འབོད་སྐད》ཀྱི་ཡིག་སྒྱུར་གྱི་ལེགས་ཆ་ཅུང་ཟད་གླེང་བ།
ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་དང་། མུ་མཐའ་མི་མངོན་པའི་ཐང་རྒོད། དྲག་འབབ་ཆུ་བོའི་ཉེན་ཁ་ཆེ་བའི་གྲམ་ཐང་། བྱང་ཕྱོགས་ཀྱི་གསེར་བཀྲུ་རྒྱག་མཁན་ཚོ་དང་ཞི་བདེ་རྒྱ་མཚོའི་གྲུ་པའི་འཚོ་བ། སྒོས་སུ་ཁ་བ་བུ་ཡུག་འཚུབ་ཅིང་ཡངས་ཤིང་དབེན་པའི་བྱང་ཕྱོགས་ཀྱི་འབྲོག་སྟོང་དུ། གྲང་ངད་དང་སྤྱང་ཀིའི་འཇིགས་སྐུལ་གྱི་འོག་ཏུ། མིས་རང་བྱུང་ཁམས་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པའི་རྣམ་པ་བཀོད་པའི་བརྩམས་ཆོས་འདི་ཁོ་བོའི་མཐོང་ལམ་དུ་འགྱུར་སྐབས། གང་དེའི་བརྗོད་དོན་དང་སྒྱུ་རྩལ་གྱིས་རང་སེམས་དབང་མེད་དུ་འཕྲོགས་པས། མ་རྩོམ་དང་འགྱུར་རྩོམ་ཕན་ཚུན་ཞིབ་བསྡུར་ནན་ཏན་གྱིས་ཚིག་གི་སྒྱུར་སྟངས་དང་། དོན་གྱི་མཚོན་ཐབས་ལ་རིམ་པས་སློབ་སྦྱོང་གིས། ལེགས་པའི་ཆ་རྣམས་ལམ་སེང་ཟིན་བྲིས་སུ་བཏབ་ནས་སོ་སོའི་ཀླད་པའི་ཚིག་མཛོད་དུ་འཇུག་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་དང་། ཁྱད་པར་དུ་ཡིག་སྒྱུར་ཞིབ་འཇུག་ལ་སྤྲོ་བ་ཞིག་ཡིན་ཕྱིན་ཟུར་ལྟ་དང་དོ་སྣང་གནང་བ་ཙམ་གྱིས་དེའི་དགེ་མཚན་རྟོགས་པར་ནུས།
ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འཛམ་གླིང་གི་གྲགས་རྩོམ་དཔེ་ཚོགས་བཏོན་པ་དང་། བམ་པོ་དེ་དག་ནས་གུས་པར་བབ་ཆགས་ཟབ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཐེབས་པ་ནི་བོད་ཀྱི་ཞུས་ཆེན་ལོ་ཙཱ་བ་རྒན་ཕུན་ནོར་ལགས་ཀྱིས་མཛད་པའི《འབྲོག་སྟོང་གི་འབོད་སྐད》ཅེས་པའི་འགྱུར་རྩོམ་དེ་ལགས། བརྩམས་ཆོས་དེ་ནི་འཇེག·ལོན་ཏོན་གྱི་རྩོམ་ཕུད་ཉམས་པ་མེད་པ་ཞིག་ཡིན་པ་དེའི་ནང་དུ། རྩོམ་པ་པོས་སྲོག་ཆགས་ཀྱི་སྐོར་བརྗོད་པ་ལ་བརྟེན་ནས་གདོད་མའི་འཚོ་དབང་རྩོད་ལུགས་བྲིས་ཡོད་ཅིང་། ལོ་ངོ་བརྒྱ་ལྷག་ཙམ་རིང་སྒྲུང་གཏམ་དེ་ལ་རྒྱ་ཆེའི་ཀློག་པ་པོས་ཧ་ཅང་དགའ་པོ་བྱེད། གཤམ་ལ《འབྲོག་སྟོང་གི་འབོད་སྐད》ཀྱི་ཡིག་སྒྱུར་གྱི་ལེགས་ཆའི་སྐོར་ཅུང་ཟད་གླེང་བར་འདོད།
དེ་ཡང་ལོ་ཙཱ་བ་སོ་སོའི་སེམས་ཁམས་དང་། ཡོན་ཚད། འཚོ་བའི་ཁོར་ཡུག་དང་དུས་རབས། ལོ་ཙཱའི་དམིགས་ཡུལ་སོགས་མི་འདྲ་བའི་དབང་གིས་ཡིག་སྒྱུར་གྱི་ཚད་གཞི་འཇོག་ཚུལ་སྣ་ཚོགས་ཡོད། འོན་ཀྱང་དེང་གི་ཆར་ལག་ལེན་དངོས་ལས་རྒྱ་བོད་ཡིག་སྒྱུར་ལ་ཚད་གཞི་གསུམ་ཚང་དགོས་པ་བསྟན་པ་སྟེ།
གཅིག ཚིག་དོན་མ་ཡིག་དང་ཇི་མ་ཇི་བཞིན་དུ་བསྟུན་པ།
རང་རེའི་བོད་ཀྱི་ལོ་ཆེན་རྣམས་ཀྱིས་ནང་དོན་མ་ཡིག་དང་ཇི་བཞིན་བསྟུན་པ་ནི་ལོ་ཙཱའི་བྱ་གཞག་གི་གཞི་རྩ་ཡིན་པར་ཁས་ལེན་བྱེད། དཔེར་ན། མ་ཡིག་གི་ནང་དུ“利牙痛苦地相撞”ཅེས་པར“ཁ་འདར་ཤིང་ལོ་གཡོ་གཡོ་དང་སོ་སྒྲ་གྲོ་ཡོས་འཆའ་འཆའ་ཤོར”ཞེས་སུ་བསྒྱུར་གནང་བ་དང་། “弱肉强食”“སྟོབས་དང་ལྡན་ན་རྒྱལ་པོར་འགྱུར་བ” “漆黑的夜色” “ལག་པ་བརྐྱངས་ན་མཛུབ་མོ་ལྔ་ཡང་མི་རིག་པ” “要求平等,并不断挑战”“ཨ་མགོ་དང་བྱིས་མགོ་འདྲ་འདྲ་དང་མགོ་དང་དཔུང་པ་མཉམ་གཤིབ་ཀྱིས་དབང་གྲགས་ལ་འགྲན་སློང་བྱས”ཞེས་པ་ལ་སོགས་གཡར་སྒྱུར་རམ་དོན་སྒྱུར་ཡིད་དུ་འོང་བ་གནང་ཡོད་ཅིང་། གཞན་ཡང་། “原始很强的耐性”ལ“རང་བཞིན་ལྷན་སྐྱེས་ཀྱི་བཟོད་སེམས” “控诉着生活的艰辛”“འཚོ་གནས་ཀྱི་བརྣག་དཀའི་གསལ་བཤད་ཅིག་གོ”ཞེས་མ་ཡིག་གི་བསྟན་བྱའི་ནང་དོན་གང་ཡིན་པ་དེ་དེ་བཞིན་དུ་གསོན་ཉམས་དོད་པོས་བོད་ཡིག་ཏུ་བསྒྱུར་བར་མཛད།
གཉིས། ཚིག་སྦྱོར་བདེ་ཞིང་གོ་སླ་བ།
དེ་ཡང་ཚིག་སྦྱོར་བདེ་པོ་ཡོང་མིན་ནི་ལོ་ཙཱ་བའི་སྒྱུར་བྱེད་སྐད་ཡིག་གི་བྱང་ཚད་ལ་རག་ལས་ཤིང་། རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ལ་ཆ་མཚོན་ན། བོད་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་དགོས་ལ། བོད་ཀྱི་ཀློག་པ་པོས་ཀློག་སྐབས་བོད་ཡིག་གི་ལམ་ནས་ཤར་མར་བྲིས་པ་ལྟ་བུའི་ཚོར་སྣང་སྐྱེས་ཐུབ་པ་དགོས། དེ་ཡང་མ་ཡིག་ནང་གི“有一种不详的预感笼罩在心头”“ཆག་སྒོ་མགོ་ཐོག་ཏུ་བབས་གྲབས་ཡོད་སྣང་རབ་རིབ་འཆར”ཞེས་སུ་བསྒྱུར་གནང་བ་དང་། “在红毛衣人的棒下败下阵来”“མི་ཕོ་གོས་དམར་ཅན་དེས་འཇུམ་འཇུམ་བཟོས་པ” “恨之入骨”“སྙིང་ཁོང་རུས་པའི་གཏིང་ནས་འཁོན་འཛིན་ཞི་ཐབས་དང་བྲལ་བ་འཆང་བ”ཞེས་བསྒྱུར་བ། “不在乎什么,也不期望什么”“རེ་ཡང་མི་རེ་ལ་རོགས་ཀྱང་མི་བྱེད་ཅིང་། རེ་བ་ཡང་མི་འཆང་ངོ”ཞེས་པ། “如果缺乏这种能力,便意味着死亡即将来临”“འཇོན་ཐང་དེ་རིགས་མེད་ན་འཆི་ཐག་དང་ཤིན་ཏུ་ཉེའོ” “它们已明显地吃不消了”“ཁོ་ཚོ་དངོས་གནས་སེམས་པས་ལྕོགས་སར་ལུས་པོས་མི་ལྕོགས་པར་གྱུར་བ” “前景一片灰暗”ཞེས་པར“འབྲས་བཟང་སྨིན་རེ་འཆང་བ་ནི་ཕ་རིའི་སྤང་རྒྱན་རེད”ཅེས་བོད་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་ཁར་སྐད་ཆའི་གོམས་སྲོལ་གྱི་སྦྱོར་ལུགས་དང་འཚམ་པ་བཅས། གཅིག་ནས་ཁ་གསལ་བ་དང་། གཉིས་ནས་གོ་བདེ་བ། གསུམ་ནས་དོན་དང་ཡང་མི་འགལ་བས་འགྱུར་ཡིག་གི་ཚིག་སྦྱོར་སྙན་ཞིང་ཡི་གར་འོང་།
གསུམ། ཚིག་ཉམས་འབུར་དུ་ཐོན་པ།
ཚིག་ཉམས་ནི་འགྱུར་ཡིག་གི་ནང་དུ་མ་ཡིག་གི་རྩོམ་གཤིས་དང་། རྩོམ་པ་པོའི་བསམ་བློའི་འཁྱེར་སོ། རྩོམ་པ་པོའི་བརྩེ་དུང་སོགས་ཀྱི་ཁྱད་ཆོས་ཐོན་མིན་ལ་རག་ལུས་ཤིང་། དེ་ནི་ལོ་ཙཱ་བ་རྣམས་ཀྱིས་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་ཡོད་རྒུ་བཏོན་ནས་འབད་བརྩོན་བྱ་ཡུལ་གྱི་གནད་གལ་ཆེན་ཞིག་རེད། དེ་ཡང་། 《འབྲོག་སྟོང་གི་འབོད་སྐད》ཀྱི་རབ་བྱེད་བཞི་པར། “‘从没见过像巴克这样的狗!’ 他叫道, ‘真没有,没有见过!真值一千块,老天爷!对吧,呃?你说呢,贝洛特?’”ཞེས་པར“ཁོས‘པཱ་ཁེ་ལྟ་བུའི་ཁྱི་འདི་འདྲ་མཐོང་མྱོང་རྩ་བ་རང་ནས་མེད།’ ‘མཐོང་མྱོང་རྩ་བ་རང་ནས་མེད། ཨ་མའི་རོ། ཁོ་ལ་གསེར་སྲང་སྟོང་ཕྲག་གཅིག་རི་བ་འདུག ཁྱེད་ཀྱིས་གསུངས་ན་ཨེ་རེད། ཕེ་རོ་ལགས’ཞེས་སྐད་ཅོར་བརྒྱབ” མ་གཞི་རྒྱ་ཡིག་གི་ནང་དུའང་དབྱིན་ཡིག་གི་རྩོམ་གཤིས་མངོན་གསལ་དོད་པ་དང་། རྩོམ་གྱི་སྒྲིག་གཞིའི་ཐད་བོད་ཡིག་གི་རྩོམ་སྲོལ་དང་མི་མཐུན་པའི་ཆ་མང་དུ་མཆིས་ཀྱང་། བོད་སྐད་དུ་ཕབ་པའི་མི་སྣའི་གཏམ་དེས་ཕྱི་རྒྱལ་གྱི་གློག་བརྙན་འགའ་ཡིད་ལ་དབང་མེད་དུ་འཁོར་འོང་། 《གཡོག་མོའི》ནང་གི་ཡིད་ཚོགས་ལ་དང་། 《འཁྱམ་པོའི》ནང་གི་རླིས་ཏཱ་སོགས་དང་གཉིས་སུ་མ་མཆིས་པར་ཕྱི་རྒྱལ་མིའི་སྐད་བརྡའི་ཁྱད་ཆོས་མངོན་པར་གསལ། ད་དུང་རབ་བྱེད་དྲུག་པའི་ནང་གི “它的身体没有丝毫的赘肉。它那巨大的胸脯,壮实的前腿和身体有着最佳的比例。人们抚摸着巴克的肌肉,都说像铁一般硬实。”“ཁོའི་ལུས་ལ་ཕན་མེད་ཀྱི་ཤ་འཐོལ་པ་སྲང་གང་མེད་ཅིང་། བྲང་ཞེང་ཆེན་པོ་དང་ལག་ངར་སྦོམ་པོ་གཉིས་དང་ལུས་ཀྱི་གནས་གཞན་དག་གི་བསྡུར་ཚད་སྙོམ་ཞིང་། མི་ཚོས་ཤ་རྒོད་དེ་ཚོར་ལག་པ་འཆང་ཙམ་བྱས་ནས་ལྕགས་ལྟར་མཁྲེགས་པོ་འདུག”ཅེསབསྒྱུར་ཡོད་པས། པཱ་ཁེའི་ལུས་སྟོབས་ཐང་བ་དང་སྤོབས་ཉམས་ཀྱིས་ཕྱུག་པའི་ཉམས་འགྱུར་ཀློག་པ་པོའི་མིག་ལམ་དུ་ཁྲ་ལྷམ་མེར་མངོན་འོང་བ་དང་དུས་མཚུངས། ལ་རྒྱ་ཟབ་པ་དང་། ཕྱི་ཐག་རིང་བ། སྦྱིན་བདག་ལ་ཤ་ཞེན་བླ་ལྷག་ཏུ་ཆེ་བ་དང་རང་རེའི་མགོ་ནག་མི་ཡི་མགོན་སྐྱབས་ལྟར་དུ་བརྩི་བའི་སྒོ་ཁྱི་སྙིང་དཀར་དང་། ལུག་ཁྱི། འདོགས་ཁྱི་གཟི་རྔམ་ཅན་དག་གི་སྣང་བརྙན་ཡང་ཡིད་ཀྱི་ཡོལ་གོར་ཝ་ལེར་འཆར་ངེས།
ཡིག་སྒྱུར་གྱི་ལག་ལེན་དངོས་ཀྱི་ཁྲོད་དུ་དེ་དག་ཚང་མ་འགྱུར་ཡིག་གི་ནང་ཇི་མ་ཇི་བཞིན་མཚོན་པར་བྱ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཞིང། རྩོམ་གྱི་ཉམས་འགྱུར་ཞེས་པ་ནི་ཀློག་པ་པོའི་མྱོང་བྱ་ལས་རྡོག་རྡོག་ཅིག་ལག་ཏུ་སྟོན་རྒྱུ་མེད། དེ་ཡང་མདོར་བསྡུས་ན། རྩོམ་ཡིག་ཀློག་སྐབས་ནང་དོན་དང་ཚིག་སྦྱོར་སོགས་ཕྱོགས་གང་ས་ཅི་ཐད་ནས་གཞན་དང་མི་འདྲ་བའི་མྱོང་ཚོར་ཞིག་བྱིན་པར་གོའོ་སྙམ།
ཡི་གེ་སྒྱུར་བའི་བརྒྱུད་རིམ་ཁྲོད་མ་རྩོམ་གྱི་རྩོམ་པ་པོའི་དགོངས་པ་ཇི་མ་ཇི་བཞིན་འགྱུར་ཡིག་ནང་མཚོན་ཐུབ་པ་དགོས་ལ། ཚད་གཞི་ངེས་ཅན་ཞིག་གི་ཐད་ནས་རྩོམ་པ་པོའི་ཉམས་འགྱུར་མ་བརླག་པའི་འགན་ལེན་བྱེད་རྒྱུ་ནི་རྩོམ་རིག་བརྩམས་ཆོས་ཡིག་སྒྱུར་བྱེད་སྐབས་འདོར་ཐབས་མེད་པའི་རྩ་དོན་གལ་ཆེན་པོ་ཞིག་རེད།
གཞན་ཡང་། ཡིག་སྒྱུར་གྱི་རིག་པ་སྨྲ་བ་མང་པོ་ཞིག་གིས་སྙན་ངག་ཡིག་སྒྱུར་གྱི་ལོ་ཙཱ་བ་ཕུལ་དུ་བྱུང་བ་ཞིག་ཡིན་ན། ལོ་ཙཱ་བ་རང་ཉིད་སྙན་ངག་པ་ཕུལ་བྱུང་ཞིག་ཡིན་པའི་རེ་བ་བཏོན་པ་ལྟར། རྒྱལ་བའི་བཀའ་བསྟན་སྒྱུར་མཁན་ལོ་ཙཱ་བ་ཡང་དང་ཐོག་ནང་ཆོས་ལ་མཁས་པ་ཤ་སྟག་ཡིན་པ་དང་། གནའ་དེང་ཀྲུང་ཕྱིའི་རྩོམ་རིག་བརྩམས་ཆོས་ཀྱི་ལོ་ཙཱ་བ་མང་པོ་ཞིག་ཀྱང་དང་ཐོག་སོ་སོ་རང་ཉིད་རྩོམ་པ་པོ་ཞིག་ཡིན་པའི་རྒྱུ་མཚན་ཡང་དེར་ཐུག་འདུག ཞུས་ཆེན་ལོ་ཙཱ་བ་རྒན་ཕུན་ནོར་ལགས་ནས་མེས་པོ་གོང་མ་རྣམས་ཀྱི་མཛད་སྤྱོད་བཟང་པོའི་རྒྱུན་བསྐྱངས་ཏེ། མ་རྩོམ་གྱི་རྩོམ་གཤིས་དང་ཉམས་འགྱུར་བྱང་ཆ་དོད་པོས་བོད་སྐད་དུ་བསྒྱུར་ཏེཀུན་གྱི་སྤྱན་ལམ་དུ་བསྟར་བ་དང་། རང་རེའི་ལོ་ཙཱའི་ལས་རིགས་འཕེལ་རྒྱས་ཀྱི་དགོས་པ་ཁྱད་པར་ཅན་ལ་དམིགས་ནས། 《འབྲོག་སྟོང་གི་འབོད་སྐད》དང《མགུལ་རྒྱན》ལ་སོགས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ནུབ་གླིང་པའི་རྩོམ་རིག་བརྩམས་ཆོས་མི་ཉུང་བ་ཞིག་རང་ཅག་ཁ་བ་ཅན་གྱི་སྐད་དང་ཡི་གེར་ཆད་ལུས་མེད་པར་བསྒྱུར་གནང་བས། ད་གཟོད་སྒྲུང་གཏམ་ལྟ་འདོད་ཅན་གྱི་ཡིད་ཀྱི་གསོས་སྨན་དུ་གྱུར་ལགས་སོ།
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ། ཉི་མ་ཆོས་གྲུབ)