དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འབྲི་གཡག བོད་མིའི་གཅེས་ནོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྙེ་ཕུ་ཤེས་རབ།   |     སྤེལ་དུས།  2023-06-13

    ཁྱེད་ནི་མཐོ་སྒང་གི་ནོར་བུ་སྟེ།

    ཁྱེད་ཀྱིས་མཐོ་སྒང་གི་བོད་མིར་ཡོད་ཚད་སྦྱིན།

    ཁྱེད་ནི་མཐོ་སྒང་གི་གྲུ་གཟིངས་ཏེ།

    ལོ་ཟླའི་ཤུལ་ལམ་ཁྲོད་དུ་ཁྱེད་ཀྱི་རྐང་རྗེས་མང་།

    ཁྱེད་ནི་གདོང་དམར་བའི་ཤག་པོ་སྟེ།

    ས་མཐོའི་གྲུ་གཟིངས་སུ་གྲགས་པའི་ནོར་གནག་གོ།


    ཁྱེད་ནི་བོད་མིའི་མ་མ་སྟེ།

    ཁྱེད་ཀྱིས་ནུ་ཞོས་བོད་མིའི་སྐོམ་པ་སེལ།

    ཁྱེད་ཀྱི་ལུས་པོས་བོད་མིར་འཚོ་བཅུད་སྦྱིན།

    ཁྱེད་ཀྱི་ཤ་རུས་བོད་མིའི་ཞིམ་ཟས་ཡིན།

    མདོར་ན། གནའ་ནས་ད་བར།

    མི་རབས་ནས་མི་རབས་བར།

    ཁྱེད་ནི་བོད་མིར་བཀའ་དྲིན་ལྷག་པར་ཆེ།


    ཁྱེད་ནི་གདོང་དམར་བའི་ཨ་ཕ་སྟེ།

    མཐིང་སྨུག་སྦྲ་ནག་ཁྱེད་ཀྱི་ལུས་ལས་མཆེད།

    དྲོད་འཁོལ་གྱི་རུམ་ས་ཐོག་མ་ཁྱེད་ཀྱིས་གནང་།

    ཁྱེད་ལ་གཤིས་འཇམ་དང་གཞུང་དྲང་།

    བྱམས་བརྩེ་དང་བློ་བརྟན།

    ད་དུང་རྟུལ་ཕོད་དང་བློས་བཏང་གི་སྙིང་སྟོབས་མངའ།

    དེ་དག་ནི་ཁྱེད་ལ་དབང་བའི་རིན་བྲལ་གྱི་རྒྱན་ཆ་ཡིན་ལ།

    བོད་མིའི་སེམས་ཀྱི་རྒྱགས་ཕྱེའང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།