དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སེམས་ཀྱིས་ཉུལ་བའི་རྩྭ་ཐང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དོལ་ཟླ་བ་བཟང་པོ།   |     སྤེལ་དུས།  2023-06-13

    རྩྭ་ཐང་གི་བུ་མོ།

    རྩྭ་ཐང་གི་སྐལ་བཟང་མེ་ཏོག

    ཡང་ན་མེ་ཏོག་ལས་མཛེས་པའི་ཐ་སྙད་ཅིག

    རྩྭ་ཐང་གི་བུ་མོ།

    རྩྭ་ཐང་གི་ཞོགས་པའི་མཁའ་དབུགས།

    ཡང་ན་མཁའ་དབུགས་ལས་གཙང་བའི་ཟིལ་ཐིགས་ཤིག


    རྩྭ་ཐང་གི་བུ་མོ།

    རྩྭ་ཐང་གི་ལང་ཚོའི་གཟི་མདངས་ཡིན།

    ལྷ་ཡུལ་ནས་མངགས་པའི་རྩྭ་ཐང་གི་ལྷ་མོ་རེད།

    ཁྱེད་ནི།

    ལུ་གུ་སྤང་ལ་འཁོར་སའི་རྩྭ་ཐང་ཡིན།

    གངས་ཆུ་ས་ལ་ཐིམ་པའི་མེ་ཏོག་ཡིན།

    ནོར་གྱིས་རྩྭ་ཐང་འཚོ་བའི་སྲུང་མ་ཡིན།

    རྩྭ་ཐང་དུ་ལྟེ་ཁྲག་ལྷུང་བ་ཁྱེད་ཀྱི་ལས་ཡིན་ན།

    རྩྭ་ཐང་ལས་གྱེས་ཏེ་རྒྱང་དུ་བཞུད་དོན་ཅི།

    དེ་བས། ཁྱེད་རང་སྨིག་རྒྱུ་བཞིན།

    རྒྱང་ནས་རྒྱང་དུ་ཡལ་དགོས་པ་ཁྱེད་དང་རྩྭ་ཐང་གི་

    ལས་འཕྲོའི་བར་ཆད་ཨེ་ཡིན།

    ཁོ་བོས་རྩྭ་ཐང་སེམས་ནས་ཉུལ་རིམ་བཞིན།

    ཁྱེད་ཀྱི་མཛེས་ཞལ་མིག་གི་ཡོལ་བར་བསྟིམས།

    ཁྱེད་ཀྱི་གླུ་དབྱངས་རྣ་བའི་བདུད་རྩིར་སིམ།


    རྩྭ་ཐང་ཡ་བུ་མོ།

    བུ་མོ་ཡ་རྩྭ་ཐང་།

    ཁྱེད་ནི་རྩྭ་ཐང་གི་ལང་ཚོ་དང་མ་འོངས་ཡིན།

    ཁྱེད་ནི་ང་སེམས་ཀྱི་ལུ་གུ་འཚོ་བའི་རྩྭ་ཐང་ཡིན།

    ང་ལ་རྩྭ་ཐང་ལྟ་བུའི་བརྩེ་དུང་གི་བྲང་གཞུང་གཏད་རོགས།

    ང་ལ་མེ་ཏོག་ལྟ་བུའི་མཛེས་སྡུག་གི་ཁ་དོག་སྟོན་རོགས།།


    རྩྭ་ཐང་ཡ་བུ་མོ།

    བུ་མོ་ཡ་རྩྭ་ཐང་།

    ཁྱེད་ནས་སྤྲིན་དཀར་གྱི་བྲོ་ལ་རོལ་བའི།

    དབྱངས་གསལ་ལྷ་མོའི་འགྱུར་ཁུག་རེ་རེ།

    ཁྱེད་ཀྱི་སྦྲང་ཆར་ཟིལ་མས་བརླན་པའི།

    སྤང་རྒྱན་དཀར་པོའི་ལུས་ཀྱི་ཟུངས་ཞུགས་ལ་བསྒྲོན་ཏེ།

    ནམ་ཡང་།

    མཐོ་སྒང་རྩྭ་ཐང་ལ་གྱེར་རོགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།