《ས་སྐྱ་ལེགས་བཤད》ལས་བསྟན་པའི་ས་པཎ་གྱི་མི་ཆོས་དགོངས་པར་ཅུང་ཟད་དཔྱད་པ།
མི་ཆོས་རིག་གནས་ནང་མི་རིགས་ཤིག་གི་ཐུན་མིན་གྱི་རིག་གནས་མང་དུ་འདུས་ཡོད་ཅིང་། དེ་ནི་མི་རིགས་གང་དེའི་སེམས་ཁམས་རིག་པ་ལ་སོགས་པའི་རིག་གནས་དང་འོ་ཆུ་འདྲེས་པའི་ཚུལ་དུ་གནས་ཡོད། དེས་འཚོ་བའི་བདེན་ལེགས་མཛེས་གསུམ་འཚོལ་བར་དགེ་སྡིག་སྤང་བླང་ཚུལ་བཞིན་བསྟན་པ་ཡིན་པས། གནའ་དེང་གི་མཚན་ཉིད་པ་མང་པོས་མི་ཆོས་རིག་གནས་ལ་རྟོག་དཔྱོད་ཟབ་མོ་གནང་ཡོད། ང་ཚོ་ཡང་གདོད་མ་ནས་ས་སྒང་གི་ཡུལ་འདིར་ཡུན་རིང་འཚོ་བའི་བརྒྱུད་རིམ་ཁྲོད་ཐུན་མོང་མ་ཡིན་པའི་རིག་གནས་དེ་རིམ་གྱིས་གྲུབ་པ་དང་། ཕྱིས་སུ་སྣོན་འཕྲི་སྤོར་གཅོག་དབང་གིས་འཕོ་འགྱུར་ཡང་ཇི་སྙེད་ཅིག་བྱུང་ཡོད་ལ། མི་རིགས་གང་དེའི་དགེ་ལེགས་ཚོགས་ཀྱི་དོན་དུ་རིག་པའི་དཔའ་བོ་དུ་མས་རང་རང་རྣམ་དཔྱོད་ཀྱི་རྩལ་ལས་ངོ་མཚར་གྱི་གཏམ་མང་དུ་བྱས་ཡོད། དེ་ཡང་། གང་མགྲིན་འོ་མའི་རྒྱ་མཚོ་རུ།། དབྱངས་ལྡན་ངང་མོ་རྣམ་རོལ་པ།། དེ་ཡི་ཁ་ནས་ལེགས་བཤད་ཀྱི།། རྦ་རླབས་འཁྲི་ཤིང་ཅི་ལ་གཡོ་ཞེས་པ་ལྟར། རིག་པའི་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཊི་ཏ་ནི་བཅུ་ཕྲག་རིག་པའི་གནས་ཀྱི་ཕ་མཐར་སོན་ཞིང་། ཁྱད་པར་དུ་ལུགས་གཉིས་བླང་དོར་གསལ་བའི་བློ་གྲོས་ཀྱི་སྤྱན་ཡངས་པས། སྔོན་མེད་ལེགས་བཤད་ཀྱི་དགའ་སྟོན་ཕྱི་རབས་རྣམས་ཀྱི་ཡིད་ཀྱི་གསོས་སུ་ཕུལ་ཏེ་མ་རིག་གི་ལིང་ཏོག་མཐུག་པོ་བསལ་བར་མཛད། འདིར་སྐྱེས་བུ་ཆེན་པོ་གང་དེས་མཛད་པའི《ས་སྐྱ་ལེགས་བཤད》ལས་བསྟན་པའི་མི་ཆོས་ཀྱི་དགོངས་པར་ཅུང་ཟད་དཔྱད་པར་བྱ།
དང་པོ། མི་ཆོས་ཀུན་སྤྱོད་ཀྱི་ལམ་སྟོན་ཏེ་དཔྱོད་ཤེས་བསྟན་པ།
དེ་ཡང་། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།། འཇིག་རྟེན་བྱ་བ་ཀུན་ནས་ལེགས་སྒྲུབ་པ།། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞེས།། བཤད་པ་དེ་ནི་ལེགས་བཤད་རིན་ཆེན་གཏེར་ཞེས་པའི་ཚིགས་བཅད་ཀྱིས་སྔོན་བསུས་ཏེ། སྐྱེ་བོ་གང་ཞིག་ལ་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་ན། འཇིག་རྟེན་བྱ་བའི་ཚུལ་ལ་མི་རྨོངས་པར་གང་བྱས་ན་དགེ་བ་དང་གང་བྱས་ན་སྡིག་པ་ཡིན་པའི་ངེས་ཤེས་སྐྱེས་ཤིང་། རང་གཞན་གཉིས་ཀ་དགའ་བདེ་སྤྲོ་གསུམ་གྱི་དོན་དུ་ལེགས་པར་འཛུད་ནུས་པ་ཡིན་པས། དཔྱོད་ཤེས་ཀྱི་གལ་ཆེའི་རང་བཞིན《ས་སྐྱ་ལེགས་བཤད》ཀྱི་མགོར་མཛུབ་མོ་རི་སྟོན་གྱི་ཚུལ་དུ་བསྟན་ཡོད་ལ། བྱ་བ་ཐམས་ཅད་ཤེས་རབ་ལ་བརྟེན་ནས་རྟོག་དཔྱོད་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ཏེ། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།། འཁོར་བའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་ཞེས་དང་། འཇིག་རྟེན་མི་ཆོས་ཀུན་སྤྱོད་ཀྱི་ཕྱོགས་ནས་བལྟས་ནའང་བླང་དོར་གནད་ཀུན་གཙོ་བོ་དཔྱོད་ཤེས་ལ་བསྟེན་དགོས་པ་ཡིན་ཏེ། 《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》དུ་སྐྱེ་བོའི་རྒྱུད་ལ་དཔྱོད་ཤེས་ཀྱི་བློ་གལ་པོ་ཆེ་ཞིག་ལྡན་དགོས་ཚུལ་ནན་གྱིས་བསྟན་པ་དང་། མཁས་པ་རྣམས་ཀྱིས་དཔྱད་པ་ཡི།། ཤེས་བྱ་ཤེས་ན་མཁས་པར་བགྲང་ཞེས་ཉན་ན་གོ་བདེ་བ་དང་བསམ་ན་བཅུད་ཀྱིས་ཟིན་པའི་ལེགས་བཤད་ཀྱི་བདུད་རྩི་ཆར་བཞིན་བསྙིལ།
དེ་ལྟར་སྤྱོད་པའི་རང་བཞིན་རྣམ་པར་དག་པའི་རྒྱུ་སྔོན་དུ་སོང་བ་གང་དེ་དཔྱོད་ཤེས་ཡིན་པ་བཞིན། དེ་ལྟ་བུའི་དཔྱོད་ཤེས་ཀྱིས་ལམ་མ་གོལ་བའི་ངེས་པ་རྙེད་པའི་རྗེས་ལམ་དེར་ཇི་ལྟར་འགྲོ་བའི་ཚུལ་ལ་རྒྱུ་མེད་རྐྱེན་མེད་ཞིག་མ་ཡིན་པས། 《ས་སྐྱ་ལེགས་བཤད》ལྟ་བུར་ཞར་བ་མིག་ལྡན་ལྟ་བུའི་ཤེས་རབ་དང་ཞ་བོ་རྐང་ལྡན་ལྟ་བུའི་ཀུན་སྤྱོད་གཉིས་གཅིག་གྲོགས་གཅིག་སུ་ཤར་དགོས་ཚུལ་ཏེ་ཤེས་སྦྱོར་ཟུང་དུ་འབྲེལ་བའི་དོན་ཡང་བསྟན་འདུག་སྟེ། གལ་ཏེ་རིག་པ་ཡོད་ན་ཡང་།། སྐྱེ་བོ་རང་བཞིན་ངན་པ་སྤངས་ཞེས་གསུངས་ཡོད་པས། ཤེས་རབ་ཀྱི་སྡོང་པོ་དེ་ཡང་ཀུན་སྤྱོད་གཙང་མའི་རྩ་བ་དང་བྲལ་ན་རྩེ་མོར་དགེ་ལེགས་ཚོགས་ཀྱི་ལོ་འབྲས་སྨིན་པར་དཀའ་བས་འཇིག་རྟེན་པའི་ཁ་རྒྱུན་དུའང་རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མཐུན་དགོས་ཞེས་གྲགས་སོ།།
གཉིས། མི་ཆོས་ཀྱི་ཀུན་སློང་སྟེ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་བསྟན་པ།
དེ་ཡང་ས་པཎ་གྱིས་འཇིག་རྟེན་པའི་ལུགས་ནི་ཉེ་བར་ལེན་པའི་ཕུང་པོ་ལ་གཙང་བ་ལ་སོགས་པར་འཛིན་ཞིང་ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ། ལུས་ངག་གི་བྱ་བ་ཚུལ་དང་མཐུན་པར་བསྒྲུབས་པ་ནི་སྐྱེ་བོ་ཡ་རབས་ཡིན་ལ། ངོ་ཚ་ཁྲེལ་མེད་ཀྱིས་ཀུན་ནས་བསླངས་ཏེ་ཡིད་དུ་མི་འོང་བའི་བྱ་བ་བསྒྲུབས་པ་ནི་སྐྱེ་བོ་ངན་པ་ཡིན་ནོ་ཞེས་སྐྱེ་བོ་ཡ་རབས་མ་རབས་ཀྱི་ཁྱད་པར་འབྱེད་ཆོས་ནི་གཙོ་བོ་ཁྲེལ་དང་ངོ་ཚ་ཤེས་མིན་ལ་རག་ལུས་ཡོད་ལ། མི་ཆོས་ཀུན་སྤྱོད་ཀྱི་མཐུན་འཇུག་ཡང་གཙོ་བོ་སྐྱེ་བོའི་སྒོ་གསུམ་ལས་ཀྱི་བྱེད་པ་ཡིན་ཞིང་། དེ་དག་ལས་ལུས་ངག་གི་དགེ་མི་དགེའི་བྱ་སྤྱོད་ཐམས་ཅད་ཀྱང་རྩ་བ་སེམས་ཀྱི་རང་བཞིན་ལ་ཐུག་ཡོད་དེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། དེ་ནི་སེམས་དང་སེམས་པས་བྱས།། སེམས་པ་ཡིད་ཀྱི་ལས་ཡིན་ནོ།། དེ་བསྐྱེད་ལུས་དང་ངག་གི་ལས་ཞེས་གཙོ་བོར་གྱུར་པའི་སེམས་དྲུག་དང་དེའི་འཁོར་དུ་གྱུར་པའི་སེམས་བྱུང་སྣ་ཚོགས་ཀྱིས་སྐྱེ་བོའི་བྱ་བྱེད་ཐམས་ཅད་པོར་ཁ་ལོ་བསྒྱུར་བར་བྱེད་ཅིང་། དེ་དག་ལས་ངོ་ཚ་ནི་བདག་ཉིད་ལས་ཁ་ན་མ་ཐོ་བ་འཛེམ་པ་སྟེ། ཉེས་པར་སྤྱོད་པའི་སྡོམ་རྟེན་བྱེད་པའི་ལས་ཅན་དང་། ཁྲེལ་ནི་གཞན་ལས་ཁ་ན་མ་ཐོ་བ་འཛེམ་པ་སྟེ། ཉེས་པར་སྤྱོད་པའི་སྡོམ་རྟེན་བྱེད་པའི་ལས་ཅན་ཉིད་ཡིན་པས། སེམས་བྱུང་དེ་གཉིས་ཀས་སྐྱེ་བོའི་སྒོ་གསུམ་གྱི་ཉེས་པའི་ཕྱོགས་ལ་གཅུན་འདོམས་བྱེད་པ་ཡིན་ཏེ། ཁྲེལ་དང་ངོ་ཚ་ཤེས་པས་བག་ཡོད་ཀྱི་ལེགས་ལམ་ཡངས་པོར་བརྡལ་སྲིད་ལ། ཁྲེལ་དང་ངོ་ཚ་མེད་པས་བག་མེད་ཀྱི་གཅོང་རོང་ལ་ཁད་ཀྱིས་འགྲོ་བ་ཡིན། ཁྲེལ་དང་ངོ་ཚ་ཡོད་པ་ནི་འཇིག་རྟེན་མི་ཆོས་ཀུན་སློང་གི་རྩ་བ་ཡིན་ཞིང་། འཇིག་རྟེན་གྱི་ཡོན་ཏན་ཐམས་ཅད་པོ་ཡང་དེ་གཉིས་ཀྱི་རྩིས་ཟིན་དགོས་པ་ཡིན་ཏེ། ས་པཎ་གྱིས། ཇི་སྲིད་ངོ་ཚ་ཡོད་གྱུར་པ།། དེ་སྲིད་ཡོན་ཏན་རྒྱན་གྱི་མཆོག་ཅེས་གསུངས་པ་དང་། དེ་གཉིས་ཀྱིས་ཀུན་ནས་བསླངས་པ་ལས་ཡ་རབས་དང་དྲང་པོ། དཔའ་མཛངས་དང་ཆོག་ཤེས། བྱམས་དང་སྙིང་རྗེ་ལ་སོགས་པའི་སྤྱོད་གཤིས་ཀྱི་ཡོན་ཏན་རྣམས་ཀྱང་རིམ་གྱིས་བྱུང་བར་འདོད། དེ་བས་འཇིག་རྟེན་མི་ཆོས་ཀྱི་ཚུལ་ཁྲིམས་ལེགས་པོ་ཞིག་དགོས་ཚེ། ངོ་ཚ་ཁྲེལ་ཡོད་ཀྱི་ཀུན་སློང་བཟང་པོ་ཞིག་ཅིས་ནས་ཀྱང་རང་སེམས་ཀྱི་མེ་ལོང་ངོས་སུ་གསལ་དགོས། ཉམས་ལེན་གནད་འདྲིལ་ཞིག་བྱེད་ན་རྩ་བ་ཀུན་སློང་ནས་ཚུགས་དགོས་ཞེས་གསུངས་སོ།།
གསུམ། མི་ཆོས་ཀུན་སྤྱོད་ཀྱི་མདོ་རྩ་བསྟན་པ།
མི་ཆོས་ཀྱི་མདོ་རྩ་ནི་མི་ཆོས་ཀུན་སྤྱོད་ཀྱི་མ་མཐའི་ཆ་རྐྱེན་ཞིག་ཡིན་པ་དང་། མི་ཆོས་རྣམ་གཞག་གི་དོན་རྩ་རྡོག་ཏུ་བསྒྲིལ་བའི་མན་ངག་ཀྱང་ཡིན། དེང་གི་མི་ཆོས་འཛམ་གླིང་ཅན་དུ་སྨྲ་བ་དག་གིས་མི་ཆོས་ཀུན་སྤྱོད་ཀྱི་མདོ་རྩའི་ཐད། བདག་ཉིད་གང་ལ་མི་དགའ་བ།། གཞན་ལ་ཀུན་ཏུ་དེ་མི་སྤྱད་ཅེས་པའི་ལྟ་དགོངས་བཞེད་པ་དང་། དེའི་ལེགས་ཉེས་ཀྱི་སྤྱོད་ཁྲིམས་ཐད། མི་གསོད་མི་རུང་བ། མ་བྱིན་མི་ལེན། རྫུན་མི་སྨྲ་བ། ལོག་གཡེམ་མི་བྱེད་པ་བཅས་ཀྱི་བླང་བྱ་ཆེན་པོ་བཞི་བཏོན་ཡོད། དེ་ལྟར་སྔ་མས་གཞི་ལྟ་བ་གཏན་ལ་དབབ་ཅིང་། ཕྱི་མས་ལམ་ཉམས་སུ་ལེན་ཚུལ་བསྟན་པ་ཡིན་ནོ། མི་ཆོས་འཛམ་གླིང་ཅན་ནམ་དེས་བཞེད་པའི་མི་ཆོས་ཀུན་སྤྱོད་ཀྱི་མདོ་རྩར་ཀུན་ཁྱབ་ཀྱི་རང་བཞིན་ཡོད་དེ། དེ་ནི་སྐྱེ་བོ་ཐུན་མོང་བའི་ཞེ་འདོད་ཉག་གཅིག་ཡིན་ལ་འཛམ་གླིང་རྒྱལ་ཁབ་མང་པོའི་མི་ཆོས་ཤེས་རིག་གི་ཉིང་བཅུད་ཀྱང་ཡིན་པས། གནའ་བོའི་རྒྱ་ནག་གི་སློབ་དཔོན་ཆེན་མོ་ཀོང་ཙེའི་གསུང་སྒྲོས་སུ་གོང་གི་ཚིག་དེ་ཇི་མ་ཇི་བཞིན་དུ་ཡོད་ཅིང་། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》དང《ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ》སོགས་ལས་ཀྱང་བྱུང་། རྗེས་སུ《ལུགས་ཀྱི་བསྟན་བཅོས》དེ་དག་གི་ཤུགས་རྐྱེན་འོག་བོད་ཀྱི་ལེགས་བཤད་རྩོམ་རིག་གི་ཐོག་མར་གྲགས་པའི《ས་སྐྱ་ལེགས་བཤད》དུའང་གོང་བཀོད་ཀྱི་ཚིགས་བཅད་དེར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ། བདག་ཉིད་གང་ལ་མི་དགའ་བ།། གཞན་ལ་ཀུན་ཏུ་དེ་མི་བྱ།། གཞན་གྱི་ཅུང་ཟད་གཙེས་པའི་ཚེ།། རང་ལ་བསམ་པ་ཅི་འབྱུང་སོམས་ཞེས་བསྟན་ཡོད་ཅིང་། ལེགས་བཤད་དེའི་འགབ་ཏུ། གང་ཞིག་བདག་ཉིད་གང་དགའ་བ།། དེ་ཉིད་གཞན་ལ་སྦྱར་བྱས་ན།། གཞན་གྱིས་བདག་ལ་གང་དགའ་བ།། དེ་ཡི་ཚུལ་གྱིས་མཆོད་པར་གྱུར་ཞེས་གཡང་རྩེའི་སྟེང་ལ་ཡས་སྒྲོན་ལྟ་བུའི་མི་ཆོས་ཀྱི་དགོངས་པ་ཁྱད་དུ་འཕགས་པ་ཞིག་བསྟན་ཡོད།
མི་ཆོས་རིག་གནས་ནི་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་རྩ་ཡིན་པའི་ཆ་ནས་མི་རིགས་གང་དེའི་ཕྱོགས་ཀུན་ནས་མངོན་ཆེ་ཞིང་། ལྷག་པར་དུ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མེས་པོའི་བློ་གྲོས་ཀྱི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་མི་ཆོས་དཀར་ལྡན་གྱི་མར་རྡོག་དེ་དུས་རབས་ཀྱི་ལྷ་ལམ་ཡངས་པོའི་མཐོངས་སུ་མི་ཡལ་མངོན་པར་བྱ་ཕྱིར། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱུན་འཛིན་བྱེད་པར། རང་ལྟ་མཆོག་འཛིན་གྱི་དྲི་མ་རེ་ཞིག་སྤངས་ནས་སྤྱན་གྱི་གཟིགས་རྒྱང་ཡངས་པར་སྲིངས་ཤིག དེ་བས་རིག་གནས་ལ་འཕེལ་འགྱུར་སྣ་ཚོགས་པ་ཞིག་བྱུང་བ་ནི་རིག་གནས་ཀྱི་ཆོས་ཉིད་ཡིན་པས་དེར་སྙིགས་འདོར་བཅུད་ལེན་གནང་རྒྱུ་ནི་གནད་ཀྱི་དམ་པར་མཐོང་ངོ་།།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2019ལོའི་བོད་དགེ་འོས་འཛིན་གྲྭ་དང་པོ། མིག་དམར་བཀྲ་ཤིས)