དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལྷ་མོ།
  • ལྷག་པ་ཚེ་རིང་།

    ཚེ་གང་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་གྱི་ལས་ལ་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-09

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོའི་མཚོ་སྨད་ལྷ་མོར་ལོ་350 ཡི་ལོ་རྒྱུས་ལྡན་ཞིང་། འདི་ལོ་ལོ་54ལ་སླེབས་པའི་ལྷག་པ་ཚེ་རིང་ནི་མཚོ་སྨད་ལྷ་མོ་དང་མཉམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན། རང་ལོ་13སྐབས་དགེ་རྒན་བསྟེན་ནས་ལྷ་མོ་སྦྱངས་ཤིང་། དེ་ནས་བཟུང་ལྷ་མོ་འཁྲབ་སྟོན་གྱི་བགྱི་བ་དང་དུ་བླངས།

    དུས་རབས་20པའི་ལོ་རབས་80པར་གྲོང་ཚོས་ལྷ་མོ་ཚོགས་པ་བསྐྱར་འཛུགས་བྱེད་སྐབས་ཁོང་ལྷ་མོ་ཚོགས་པའི་ཚོགས་གཙོ་ཨང་ལྔ་པར་གྱུར་བ་དང་། 2019ལོའི་ཟླ་10པར་ལྷག་པ་ཚེ་རིང་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས།

    མཚོ་སྨད་གྲོང་ཚོའི་ལྷ་མོར་ལོ་རྒྱུས་ཡུན་རིང་ལྡན་ཡང་། དེ་སྔ་འཁྲབ་སྟོན་བྱེད་པ་ནི་མི་སྒེར་གྱི་དགའ་མོས་ཙམ་དུ་ཟད། 1995ལོར་ལྷག་པ་ཚེ་རིང་གིས་ལྷ་མོ་ཚོགས་པ་རྩིས་ལེན་སྐབས་ཚོགས་པར་འཁྲབ་སྟོན་པ་22ལས་མེད། གང་ལགས་ཤེ་ན། འཁྲབ་སྟོན་པ་མང་ཆེ་བ་རྒན་རྒོན་ཡིན་པ་དང་། དེའི་ཁར་གླ་ཆ་ཉུང་བས་ན་གཞོན་ཞུགས་མཁན་ཧ་ཅང་ཉུང་། ཕྱིས་སུ་གྲོང་ཚོ་ཨུ་ལྷན་གྱི་རྒྱབ་སྐྱོར་དང་རོགས་རམ་འོག་ལྷ་མོ་ཚོགས་པར་རང་ཉིད་ཀྱི་ནང་སྦྱོང་ཁང་དང་གྱོན་ཆས་ཁང་ཡོད་པར་མ་ཟད། མི་སྣ་མི་འདྲ་བའི་འཁྲབ་ཆས་ཀྱང་རིམ་བཞིན་མང་དུ་ཕྱིན་ཡོད། འཁྲབ་སྟོན་པས་ནང་སྦྱོང་དང་འཁྲབ་སྟོན་བྱེད་སྐབས་ཚང་མར་ཉིན་ལྟར་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད། ཚོགས་པས་ད་དུང་ལྟོ་ཆས་གཅིག་གྱུར་སྟེར་གྱི་ཡོད། ལྷག་པ་ཚེ་རིང་གིས། “ལྟོ་གོས་ལ་འགན་ལེན་ཐུབ་སྟབས། ལྷ་མོ་ཚོགས་པར་ཞུགས་མཁན་གྱི་ན་གཞོན་ཇེ་མང་དུ་སོང་ཡོད། ད་ཆ་ཚོགས་པར་འཁྲབ་སྟོན་པ་33ཡོད་པར་མང་ཆེ་བ་ལོ་30ལྷག་ཙམ་ལ་སླེབས་པའི་ན་གཞོན་ཤ་སྟག་ཡིན། ཆུང་ཤོས་ཀྱང་ལོ་19རེད”ཅེས་བརྗོད།

    2014ལོར་མཚོ་སྨད་ལྷ་མོ་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་བདམས་པ་བརྒྱུད། རིམ་བཞིན་གྲོང་ཚོ་ནས་ཐོན་འགོ་ཚུགས་ཏེ་དེ་བས་ཆེ་བའི་གར་སྟེགས་སུ་བསྐྱོད་ཡོད། 2020ལོའི་ཟླ་12པར་མཚོ་སྨད་གྲོང་ཚོ་དེ་ཉིད་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་གྲོང་ཚོར་བདམས་པས། ཚང་མས་མངོན་མིན་རིག་གནས་ཤུལ་བཞག་ལ་དོ་ཁུར་བྱེད་ཤུགས་ཇེ་ཆེར་ཕྱིན་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། དར་སྤེལ། སྲུང་སྐྱོང་བཅས་བྱེད་པའི་མཚོ་སྨད་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་སྔར་བས་ཇེ་ཆེར་ཕྱིན་ཡོད། ལྷག་པ་ཚེ་རིང་གིས། “ད་ཆ་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་གཞུང་ཆེ་གྲས་བརྒྱད་ལས《འུན་ཤིང་ཀོང་ཇོ》དང《དོན་ཡོད་དོན་གྲུབ》ཕུད་པའི་འཁྲབ་གཞུང་གཞན་ཚང་མ་འཁྲབ་ཀྱི་ཡོད་ལ། ལོ་ལྟར་འོང་སྐོར་དང་། ཞོ་སྟོན། བོད་ཀྱི་ལོ་གསར་སོགས་དུས་ཆེན་སྐབས་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད་པས། ལོ་རེར་འཁྲབ་སྟོན་བྱེད་ཚད་ཉིན་60ལྷག་ཙམ་ཟིན་གྱི་ཡོད”ཅེས་བརྗོད།

    ད་ཆ་ལྷག་པ་ཚེ་རིང་གིས་མཚོ་སྨད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་མཚམས་བཞག་ནས། སེམས་ནུས་ཡོད་ཚད་མཚོ་སྨད་ལྷ་མོ་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བའི་ལས་ཀར་་འདོན་གྱི་ཡོད། ལྷག་པ་ཚེ་རིང་གི་མཛུབ་སྟོན་འོག་བསྟན་པ་ཆོས་དར་དང་། ཤེས་རབ། ཟླ་བ་བཀྲ་ཤིས་སོགས་དགེ་ཕྲུག་མང་པོའི་ལྷ་མོའི་འཁྲབ་རྩལ་ཉིན་རེ་བཞིན་བྱང་ཆུབ་པར་གྱུར་བས། ལྷག་པ་ཚེ་རིང་བློ་ཡིད་ཚིམ་པོ་བྱུང་ཡོད། ལྷ་མོ་ཚོགས་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བ་དང་བསྟུན་ནས། མཚོ་སྨད་ལྷ་མོ་ཚོགས་པའི་མིང་གྲགས་ཀྱང་གང་སར་ཁྱབ་སྟེ། ལྷ་མོ་ཚོགས་པས་ས་གནས་དེ་གའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་ཕུད། ད་དུང་ཤང་དང་གྲོང་རྡལ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་གདན་ཞུས་ལྟར། སློབ་ཁྲིད་བྱེད་ཞོར་དགེ་ཕྲུག་བསྐྱངས་ཏེ། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་རིག་གནས་དར་རྒྱས་གོང་སྤེལ་གཏོང་ཆེད་ཞིང་འབྲོག་པའི་འཁྲབ་སྟོན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།