དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ཡི་གྲོགས་པོ་བཟང་པོ། བོད་ཡིག་སློབ་དེབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ང་རང་ལ་རིག་ཚན་མང་པོའི་སློབ་དེབ་ཡོད། སློབ་དེབ་མང་པོའི་ཁྲོད་ནས་བོད་ཡིག་སློབ་དེབ་དེ་ནི་ང་རང་དགའ་ཤོས་བྱེད་པའི་སློབ་དེབ་ཅིག་ཡིན། རྒྱུ་མཚན་ནི་བོད་སྐད་ཡིག་དེ་ནི་ང་ཚོའི་མི་རིགས་ཀྱི་ཕ་སྐད་མ་ཡིག་ཡིན་ལ། ང་ཚོ་བོད་མི་རིགས་ཀྱི་ཆེས་རིན་ཐང་བྲལ་བའི་གཅེས་ནོར་ཡིན་པ་མ་ཟད། ང་རང་སྐྱེས་པའི་དུས་ནས་ཕ་མ་གཉིས་ནས་གཙོས་པའི་ནང་མི་ཚང་མས་བོད་སྐད་སྨྲ་བ་དང་། སློབ་ཆུང་གི་སྒོ་མོ་འཛུལ་མ་ཐག་ནས་ཀ་ཁ་ག་ངའི་དབྱངས་གསལ་གྱི་ཡི་གེ་སྦྱངས་པས་སོ།  །

    བོད་ཡིག་སློབ་དེབ་ཀྱི་ཁ་ཤོག་གི་མདུན་ངོས་སུ་སྔོ་ཞིང་ཡངས་པའི་སྤང་ལྗོངས་ཤིག་ཡོད་པ་དང་། དེའི་སྟེང་ན་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་སྣ་ཚོགས་བཞད་ཡོད་ལ། མཚར་སྡུག་ལྡན་པའི་རི་མོ་འདིས་ང་ཚོ་བོད་ཡུལ་མཐོ་སྒང་གི་དྭངས་ཤིང་གཙང་བའི་ནམ་མཁའ་དང་། རྒྱ་ཆེ་མུ་མེད་ཀྱི་རྩྭ་ཐང་། ད་དུང་ན་ཆུང་བུ་མོ་གཉིས་ཀྱིས་གློག་ཀླད་ཀྱི་ངོས་ནས་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་དེ་ནི། ང་ཚོ་དུས་རབས་གསར་པའི་ལོ་ཆུང་བྱིས་པ་ཚོས་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་དེང་རབས་ཤེས་བྱར་འབད་བརྩོན་བྱེད་པའི་མཚོན་རྟགས་རེད། སྐད་ཡིག་སློབ་དེབ་དེའི་ཤོག་ངོས་དང་པོའི་ཐོག་ཏུ་སློབ་ཕྲུག་གསུམ་གྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་གངས་མི་བཟོ་བར་བྲེལ།  དེ་ནི་ང་ཚོ་བོད་རིགས་བྱིས་པ་ཚོ་གྲང་ངར་ཆེ་བའི་མཐོ་སྒང་དུ་བདེ་ཐང་ངང་འཚར་ལོངས་དང་། མ་འོངས་བདེ་སྐྱིད་ཀྱི་འཚོ་བ་དང་། རླབས་ཆེན་གྱི་ཕུགས་བསམ་ལ་དགའ་སྤྲོའི་ངང་ནས་བསུ་མ་བྱེད་བཞིན་པའི་མཚོན་རྟགས་རེད་ཅེས་རྒན་ལགས་ཀྱིས་ང་ཚོར་གསུངས་མྱོང་།  

    བོད་མའི་གཏམ་དཔེར་གྲོགས་བཟང་སྨན་གྱི་ལྗོན་པ་དང་། གྲོགས་ངན་དུག་གི་སྡོང་པོ་ཞེས་པ་ལྟར་སྐད་ཡིག་སློབ་དེབ་འདི་ནི་སྨན་གྱི་ལྗོན་ཤིང་ཞིག་དང་འདྲ་བར་རྟག་ཏུ་ང་ལ་སྐད་ཆའི་སྙིང་བཅུད་གཏམ་དཔེ་དང་། ཡི་གེའི་དག་ཆ། མཁས་པའི་ལེགས་བཤད། རྣ་བར་སྙན་པའི་དམངས་གཞས་སོགས་ཧ་ཅང་ཕུན་སུམ་ཚོགས་པའི་ཤེས་བྱའི་རྣམ་གྲངས་ནམ་མཁའི་སྐར་ཚོགས་ལྟར་གྲངས་ལས་འདས་པས། ང་ཚོ་བྱིས་པ་ཚོས་རང་ཅག་བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་དང་། སྲོལ་རྒྱུན་སྣ་ཚོགས་ལ་རྒྱུས་ལོན་བྱས་ཆོག

    གང་ལྟར། ང་རང་གྲོགས་པོ་བཟང་པོ་འདིར་ཤིན་ཏུ་ནས་དགའ་བས། ངས་པ་ལགས་དང་ཨ་མ་ལགས་ཀྱི་ཞལ་ལ་ཉན་ནས། སྔར་ལས་ལྷག་པའི་སྒོ་ནས་སྐད་ཡིག་སློབ་དེབ་འདི་གང་བྱུང་དུ་མི་གཡུགས་པ་དང་། ས་ཆ་དམའ་སར་མི་འཇོག་པ། རྐང་པས་མི་འགོམ་པ་སོགས་བྱས་ཏེ་འདིར་གོང་བཀུར་དང་གཅེས་སྐྱོང་གང་ཡག་བྱེད་རྒྱུའི་དམ་བཅའ་བརྟན་པོར་འཇོག་རྒྱུ་ཡིན།

    (ལྷ་ས་སྟོད་ལུང་ཆུས་སློབ་ཆུང་། ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པ། བསྟན་འཛིན་དོན་སྨིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།