ཁེར་རྐྱང་གི་རྣམ་ཤེས།
ཀ
ཁོ་རང་ཁུ་སིམ་མེར་འདུག བཞུད་ཟིན་པའི་དབྱར་དགུན་སྟོན་དཔྱིད་ཀྱི་ལོ་ཟླ་དེ་དག་གི་ནང་། ཁོ་རང་གཅིག་པུ་རང་ཉིད་ལ་དབང་བའི་ཁང་ཆུང་གྲུ་བཞི་དེའི་ནང་ཁུ་སིམ་མེར་འདུག འདས་ཟིན་པའི་དཀའ་ཚེགས་ཀྱི་ལོ་ཟླའི་བཞུར་རྒྱུན་ཁྲོད། ཁོས་རང་ཉིད་ཀྱི་རྣམ་ཤེས་ཀྱི་དབང་རྩ་བར་མེད་འགུལ་བར་རྩོམ་ཡང་། ཁོ་ལ་དབང་བ་ནི་ཀློག་མཁན་དབེན་པའི་ཡིག་ཚོགས་དེ་དག་དང་། སྔ་མོ་ནས་བར་དོར་འཁྱམས་ཟིན་པའི་ཁེར་རྐྱང་གི་རྣམ་ཤེས་སྐྱ་བོ་ཁོ་ན་ལས་གཞན་ཅི། རྒྱུ་དང་འབྱོར་འཁོས་ཞན་པའི་ཁོ་ལ་མཚོན་ན། ཤ་ཞེན་ལྷག་བསམ་དཀར་བའི་སྤུན་མཆེད་མེད་ལ། ནང་སེམས་ཀྱི་སྙིང་གཏམ་ལྷུག་པོར་བརྗོད་ཡུལ་གྱི་ཆུང་མའང་མེད། ཁ་ལེན་ཚིག་བརྩི་མཁན་གྱི་བུ་ཕྲུག་མེད་ལ། སྡུག་གི་ཁུར་བོ་ཁེན་སའི་བློས་ཐུབ་གྲོགས་པོའང་མེད། ད་རེག་བར་དུ། ཁོས་རང་གི་བརྗོད་འདོད་པའི་གསང་གཏམ་ཡོད་དོ་ཅོག་དཀར་གཙང་གི་ཤོག་དཀར་ངོས་སུ་མཚོན་པར་བྱེད་ཀྱི་ཡོད་པས། དཀར་གཙང་གི་ཤོག་བུ་ཁོ་ནས་ཁོའི་ལྷད་མེད་ཀྱི་ལྷག་བསམ་རྟོགས་པར་ནུས་ལ། འབྲི་བྱེད་ཀྱི་སྨྱུ་གུ་ཁོ་ནས་ཁོའི་སྙིང་ཁ་ལས་བཞུར་བའི་མིག་ཆུ་ཡི་རིན་ཐང་རྟོགས་ཐུབ།
ཁ
“ཏག ཏག”ཕྱི་རོལ་ནས་ཤོག་སྦག་གི་སྒྲ་བར་མེད་གྲགས་འོང་། ཨ་ཧོ། ད་ཡང་ལོ་གསར་པ་ཞིག་ཚེས་པ་འདྲ། ཁོས་དེ་ལྟར་ཆིག་ལབ་རྒྱག་ཞོར། རང་ཉིད་ཀྱི་བྱིས་དུས་ཀྱི་ཕ་ཡུལ་དང་ཕ་ཡུལ་གྱི་བདེ་ཞིང་སྐྱིད་པའི་འཚོ་བ་དྲན་ཡོང་། ཁོ་རང་གི་མིང་ལ་བདུད་འདུལ་ཟེར། བདུད་འདུལ་ནི་ཁོའི་དངོས་མིང་མ་རེད། ཆུང་ངུའི་དུས་ནས་ད་རེག་བར་དུ་ཚང་མས་ཁོ་ལ་བདུད་འདུལ་ཟེར། དེའི་གོ་དོན་ཡང་ཁོ་རང་ཆུང་ངུའི་དུས་སུ། རྒྱུན་པར་ལག་ཏུ་མེ་ལྡུམ་ཞིག་འཁུར་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་པར་གོམས་ཤིང་། ཡུལ་མི་ཚོས་ཁོ་ལ་ཁྱོད་ཀྱི་ཅི་བྱེད་པ་ཡིན་ཞེས་དྲིས་ཚེ། ཁོས་ཟེར་ན་ངས་ལུང་པའི་བདུད་དང་གདོན་འདྲེ་རྣམས་རྒྱང་དུ་ཕུད་པ་ཡིན་ཞེས་བརྗོད་པར་བྱེད་པས། དེ་ནས་བཟུང་། ཡུལ་མི་མང་པོས་ཁོ་ལ་བདུད་འདུལ་ཞེས་འབོད། འོན་ཀྱང་། ཁོ་རང་གི་དངོས་མིང་ལ་ཅི་ཞིག་ཟེར་མིན་ཡུལ་མི་ཚོའི་ངོས་ནས་བརྗོད་ན་ལྐོག་འགྱུར་གྱི་བྱ་བ་ཞིག་ཡིན་ལ། ཐ་ན། ཁོ་རང་ཉིད་ལའང་གསལ་ཆ་མེད། ནམ་རྒྱུན་ཁོས་རང་གི་ཕ་མ་གཉིས་པོར་སོ་སོའི་དངོས་མིང་ལ་ཅི་ཞིག་ཟེར་མིན་དྲིས་ཚེ། ཕ་མ་གཉིས་པོས། བྱིས་པ་པྲ་ཚགས་བདུད་འདྲ་བ་ཁྱོད་ལ་དངོས་མིང་ཞིག་ཇི་ལྟར་ཐོབ། བདུད་འདུལ་ནི་ཁྱོད་ཀྱི་བྱེད་ལུགས་དང་འཚམས་པས། མིང་འདི་གཅིག་ནས་ཁྱོད་ཀྱི་དངོས་མིང་བྱས་ཆོག་ལ། གཉིས་ནས་ཁྱོད་ཀྱི་མཚང་མིང་ཡང་བྱས་ཆོག་ཅེས་ཟེར། བདུད་འདུལ་གྱི་འགྲམ་པ་གཡས་པའི་ངོས་ན་རྨ་ཤུལ་ཞིག་ཡོད། རྨ་ཤུལ་དེ་ཇི་ལྟར་བྱུང་མིན་ཁོ་རང་གིས་ཀྱང་འཆད་དཀའ། ནམ་རྒྱུན་ཡུལ་མི་འགའ་རེས། བདུད་འདུལ། ཁྱོད་ཀྱི་དཔའ་རྟགས་མཚོན་བྱེད་ཀྱི་རྨ་ཤུལ་དེ་གང་ནས་ཉོས་པ་ཡིན་ནམ་ཞེས་ཀུ་རེའི་ཚུལ་གྱིས་དྲིས་ཚེ། ཁོས་ཀྱང་མགོ་བོ་ཡར་དགྱེ་ནས་སྤོབས་ཉམས་ཆེན་པོས། རྨ་ཤུལ་དེ་ནི་ལོ་རྒྱུས་ཀྱིས་བཟོས་པའི་རྨ་ཤུལ་ཞིག་རེད་ཅེས་ལན་རྒྱག་ངེས། ཁོའི་ལན་དེས་སྡེ་པའི་མི་རྣམས་ལ་དགོད་རྒྱུ་ཞིག་ཡོང་སྲིད་པས། ཁོ་ཚོས་བསྐྱར་དུ་ལོ་རྒྱུས་ཀྱི་རྨ་ཤུལ་ཇི་ལྟར་ཡིན་ཚུལ་གྱི་རྒྱུ་རྐྱེན་དྲིས་ཚེ། ཁོས་སྔར་བས་རང་མཐོ་རང་ཆེའི་བརྟུལ་ཞུགས་འཛིན་ནས། རྨ་ཁ་དེ་སྔོན་མ་ང་དང་གླང་དར་མ་འཐབ་དུས། འགྲམ་པ་གཡས་པར་མདུང་ཕོག་པ་རེད་ཅེས་སྨྲ་བར་བྱེད། གང་ལྟར་ཆུང་ངུའི་དུས་སུ། སྡེ་པའི་ས་ཕྱོགས་གང་སར་བདུད་འདུལ་དང་འབྲེལ་བའི་ཡ་མཚན་ཅན་གྱི་གཏམ་རྒྱུད་དུ་མ་ཐོས་རྒྱུ་ཡོད་པས། བདུད་འདུལ་གྱིས་རང་གི་འདས་སོང་གི་གཏམ་རྒྱུད་དག་ཡིད་ལ་དྲན་ཐེངས་རེར། སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་སྐྱུར་མོ་ཞིག་ངང་གིས་ཤར་ཡོང་།
ག
ས་རུབ་རྗེས། ཁང་ཆུང་དེ་དེ་བས་ནག་རོག་རོག་ཏུ་གྱུར། ཁྱིམ་མཚེས་ཚོས་གླུ་ལེན་གར་རྩེད་ལ་རོལ་ནས་ལོ་གསར་གྱི་དུས་སྟོན་འདི་ལ་རྟེན་འབྲེལ་ཞུ་བཞིན་འདུག ཁོ་ཚོའི་གླུ་སྐད་ཀྱི་དབྱངས་རྟས་ཁོའི་ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོགས་སོང་། ཁོ་རང་གཅིག་པུ་ཁང་མིག་ཆུང་ངུ་དེའི་ནང་ཕར་འགྲོ་ཚུར་འོང་བྱེད་བཞིན་འདང་རྒྱག་གི་ཀློང་དུ་ཚུད། ཁོ་ལ་མཚོན་ན། དུས་སྟོན་ལ་རོལ་བའི་བསྐལ་བ་ཞིག་གང་ན་ཡོད། ཁོ་རང་ཡང་གྲོང་པ་ཁྱིམ་མཚེས་དག་དང་འདྲ་བར་ལོ་གསར་གྱི་དགའ་སྟོན་ལ་རོལ་འདོད་ཀྱི་འདུན་པ་མེད་པ་ག་ལ་ཡིན། འོན་ཀྱང་། མིག་མདུན་གྱི་འཚོ་བ་དེས། ཁོའི་ལོ་གསར་གྱི་དགའ་སྟོན་ལ་རོལ་འདོད་ཀྱི་དང་ག་དཀྲུགས་སོང་། འཇིག་རྟེན་འདིར་ཁོ་ལ་གཙིགས་ཆེན་བྱེད་མཁན་ཞིག་གང་ན་ཡོད། ཡང་གཅིག་བཤད་ན། ཚན་རྩལ་དང་ཆ་འཕྲིན་ཅན་གྱི་དུས་རབས་འདིར་མཚོན་ན། ད་དུང་སུ་ཞིག་གིས་མིང་གྲགས་མེད་པའི་རྩོམ་མཁན་ཞིག་གི་བརྩམས་ཆོས་ལ་ལྟའམ། ལྷག་པར་དུ། སྒོར་མོ་ཁོ་ནར་སྐྱབས་སུ་འགྲོ་བའི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་ས་ཆ་དེ་རུ་སུ་ཞིག་གིས་དུས་ཚོད་བརླག་ནས་ཁོའི་བརྩམས་ཆོས་ལ་ལྟ་སྲིད། གློ་བུར་དུ་རླུང་ནག་ཅིག་ལྡང་བྱུང་། རླུང་བུ་དེ་གཤིན་རྗེ་དཀར་ནག་གཉིས་ཀྱི་ངུར་སྒྲ་དང་འདྲ་བར་ཁོའི་སྒོ་སྲུབས་ནས་དལ་གྱིས་འཚང་ཡོང་སྟེ་ཁོ་ལ་གྲང་ཤུར་ཤུར་གྱི་ཚོར་སྣང་ཞིག་སྦྱིན། སྙིང་རྗེ་མེད་པའི་རླུང་བུ་དེ་ནི་ཁོའི་ཕ་མ་ཚེ་ལས་འདས་ཉིན་གྱི་མཚན་མོར་ལྡང་ཡོང་བའི་རླུང་བུ་དེ་རེད། དེ་ནི་ཁོ་དྭ་ཕྲུག་ཅིག་ཏུ་གྱུར་ཉིན་གྱི་མཚན་མོར་ལྡང་ཡོང་བའི་རླུང་བུ་དེ་རེད། རླུང་བུ་དེ་ནི་ཁོའི་བདེ་སྐྱིད་ཀྱི་འཚོ་བ་ལ་རྫོགས་ཚིག་འགོད་མཁན་དང་། ཁོ་ཁེར་རྐྱང་གི་ལམ་བུར་བཙན་གྱིས་བརྫངས་པར་བྱེད་མཁན་གྱི་བྱེད་གཏེ་རེད། ཁོས་རླུང་བུ་དེའི་ཁ་དོག་རིག་དཀའ་ཡང་རླུང་ནག་དེའི་ངན་ངོན་གྱི་སེམས་པ་ཤེས་ཡོད། དོ་ནུབ། རླུང་བུ་དེ་བསྐྱར་དུ་ལྡང་བྱུང་། ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་རླུང་ནག་དེས། དོ་ནུབ་སླར་ཡང་སུ་ཞིག་གི་བདེ་སྐྱིད་འཚོ་བ་རྨེག་མེད་དུ་གཞོམ་ཞིང་། ཉམ་ཆུང་མི་བུ་སུ་ཞིག་གི་རྣམ་ཤེས་བསྡུ་བར་བྲེལ་ཨང་། གལ་ཏེ། རླུང་ནག་དེ་ངའི་མི་ཚེ་ལ་རྫོགས་ཚིག་འགོད་མཁན་ཡིན་ན། ང་ལ་སྐམ་རིད་ཅན་གྱི་ལུས་ཕུང་སྐྱ་བོ་ཞིག་དང་། ཁེར་རྐྱང་གི་རྣམ་ཤེས་སྐྱ་བོ་འདི་ལས་ཅི་ཡང་མེད་པས། ཁྱོད་ཀྱིས་ང་རང་གཤིན་རྗེའི་གམ་དུ་གདན་འདྲེན་དང་རྒྱང་ཕུད་ཅི་ཞིག་བྱས་ཀྱང་། ད་ལྟ་ང་ལ་ཞེན་ཆགས་བྱ་ཡུལ་ཅི་ཡང་མེད་པས་ཁྱོད་ཀྱི་གང་འདོད་དུ་བྱས་ཆོག ཁོས་དེ་ལྟར་ཆིག་ལབ་རྒྱག་བཞིན་མཚན་མོ་རིང་པོའི་དུས་ཚོད་ཕར་ལ་འདས་བཞིན་ཡོད། མཚན་མོ་དེར་ཡང་ན་ཁོ་རང་སྨྱོས་འདུག ཡང་ན་ཁྱིམ་མཚེས་ཚོ་བཟི་འདུག
ང
བྱ་རྒས་ན་ཚང་དྲན། མི་རྒས་ན་ཡུལ་དྲན་ཅེས་པའི་གཏམ་དཔེ་འདི་ཅིས་མི་བདེན། ད་ལྟ་ཁོས་རང་ཉིད་ཀྱི་ཕ་ཡུལ་ཤིན་ཏུ་ནས་དྲན། འོན་ཀྱང་། ད་ལྟ་ཁོ་ལ་ཕ་ཡུལ་ཞིག་གང་ན་ཡོད། ཁོ་རང་ཆུང་ངུའི་དུས་སུ། སྡེ་པའི་སྐྱེ་བོ་གཞན་པ་དང་འདྲ་བར་རང་ཉིད་ལའང་བརྩེ་བ་ཟབ་པའི་ཕ་མ་དང་དྲོད་ཁོལ་གྱིས་ཕྱུག་པའི་ཁྱིམ་གཞིས་ཤིག་ཡོད་མོད། དེ་ནི་འདས་སོང་གི་གཏམ་རྒྱུད་འབའ་ཞིག་ཡིན་པས། ད་ལྟ་ཁོ་རང་ཕ་ཡུལ་གྱི་ཕྱོགས་སུ་རྣ་བ་བླགས་ན་མི་འདོད། ལོ་ངོ་གསུམ་ལྷག་འདས་པའི་སྟོན་མཇུག་གི་མཚན་མོ་ཞིག་ལ། ཁོ་རང་ཁུ་སིམ་མེར་འཇིག་རྟེན་འདི་ལས་ཞལ་གྱེས་ཞུས་ཏེ། རང་ཉིད་ལ་དབང་བའི་གནས་མལ་གཞན་ཞིག་འཚོལ་དུ་བུད་སོང་། བཞུད་ཟིན་པའི་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་དྲན་ཞིག་བྱས་ན། ཁོ་ལ་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྐྱེས་ཡོང་། དགའ་འོས་པ་ནི་ཁོས་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་བསྟུན་ནས་མི་ཚེ་གང་བོ་རྩོམ་འབྲི་ཡི་ལས་ལ་འཇུག་ཅིང་། སྐྱོ་བ་སྐྱེས་དོན་ནི་ཁོ་རང་གིས་བྲིས་པའི་ལྗགས་རྩོམ་དག་ལ་ཁོ་རང་ཉིད་ཕུད་པའི་ཀློག་མཁན་ཞིག་གཏན་ནས་བྱུང་མ་མྱོང་བས་རེད། ཁོ་རང་འདས་རྗེས་ཀྱི་ལོ་ངོ་དེ་དག་གི་རིང་། མི་མང་པོ་ཞིག་ཁོ་སྡོད་སའི་ཁང་སྟོང་དེའི་ནང་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག ཁོ་ཚོ་འགའ་རེས་ཁོང་གི་ལྗགས་རྩོམ་འཚོལ་སྡུད་བྱེད་པ་དང་། འགའ་རེས་ལག་ཏུ་མེ་ཏོག་དང་བདུག་སྤོས་འཁྱེར་ནས་ཁོའི་འདྲ་པར་ལ་ཅེར་བཞིན་ཧད་འདུག སྐབས་དེ་དུས། ཁོ་བོས་བཞུད་ཟིན་པའི་མི་བུ་ཁྱད་པར་བ་ཞིག་དྲན་བྱུང་། དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་སོགས་ཀྱི་མི་བུ་འགའ་དྲན་བྱུང་། ཁོ་ཚོའི་ཁེར་རྐྱང་གི་རྣམ་ཤེས་དག་དྲན་བྱུང་།