གྲོགས་ཆང་རྒྱག་པ།
ཁོ་བོའི་ཕྱིར་དྲན་གྱི་བྱ་ཁྱུ་སླར་ཡང་བྱིས་དུས་ཀྱི་འཚོ་བའི་མཁའ་དབྱིངས་སུ་ལྡོག་དུས། བྱིས་དུས་ནི་ཅི་འདྲའི་སྤྲོ་སྣང་དང་མཚར་སྣང་གིས་བརྟས་པའི་ངོ་མཚར་གྱི་དུས་ཤིག་རེད་ལ། བྱིས་དུས་ནི་ཅི་འདྲའི་རྩེད་འཇོ་མང་ལ་རང་དབང་ཆེ་བའི་མཛེས་སྡུག་གི་འཇིག་རྟེན་ཞིག་ཀྱང་རེད་ཨང་།
བྱིས་དུས་སུ་ས་འདམ་གྱི་རྩེད་ར་ཆུང་ཆུང་དུ་ང་ཚོ་བྱིས་པ་ཚོའི་དྲེག་པས་གང་བའི་ལག་ཆུང་གཉིས་པོས་རྟ་བོང་བ་ཕྱུགས་སོགས་སྒོ་ཕྱུགས་སྣ་ཚོགས་ཀྱི་འཇིམ་གཟུགས་མང་པོ་བཟོ་མྱོང་ལ། ཤིང་ཧྲུག་དང་རྡོ་གཡམ་བསྒྲུགས་ནས་ཁང་ཆུང་བསྐྲུན་ཏེ་ང་ཡིས་ཕ་དང་ཁྱོད་ཀྱིས་མ་བྱས་པའི་གཏམ་རྒྱུད་མང་དག་ཅིག་བདག་གི་ཡིད་ཀྱི་ཁང་བཟང་དུ་ཅི་འདྲའི་སྙིང་དུ་སྡུག་ཨང་།
བྱིས་དུས་སུ་རྟ་བདུན་དབང་པོས་འཇིག་རྟེན་ཁྱོན་ལ་འཁྲེང་ཞེན་གྱི་ཕྱི་མིག་གཟིགས་ཀྱིན་ནུབ་ཕྱོགས་ཆུ་ལྷའི་ཕང་བར་གཟིམས་ནས་དཀར་གསལ་དུང་ཟླ་ཡིས་འཇིག་རྟེན་ཀུན་ལ་འོད་དཀར་གྱི་ཟེགས་མ་རེ་རེ་ཀུན་གསལ་གྱི་མཐོངས་ནས་ཕངས་མེད་སྟོར་དུས། ང་ཚོ་ཕན་ཚུན་ཚོ་པ་དང་ཚོ་པ་བྱས་ནས་ཞབས་བྲོའི་འགྲན་བསྡུར་དང་། གབ་རེས་འུར་རེས་སོགས་གང་ལྟར་རྩེད་མོ་སྣ་ཚོགས་ཤིག་ལ་རོལ་མྱོང་། དེ་ལས་ཀྱང་ངའི་བློ་རྒྱུའི་མཚམས་དང་ཡིད་ཀྱི་གཏིང་རུམ་ནས་ནམ་ཡང་བསུབ་ཏུ་མེད་པ་ནི་ང་ཚོ་གྲོགས་མཆེད་ཚོ་གྲོགས་ཆང་རྒྱག་དུས་རེད།
གྲོགས་ཆང་རྒྱག་པ་ནི་ང་ཚོའི་ཕ་ཡུལ་དུ་གྲོགས་པོ་ཕན་ཚུན་ཁྱིམ་ཚང་མཉམ་དུ་འཛོམས་ནས་ཉུང་མཐར་ཡང་ཐུགས་སྤྲོ་ཉིན་བཞི་ལྔ་གཏོང་གི་ཡོད་ལ། མང་དུས་ཉིན་དྲུག་བདུན་གཏོང་མཁན་ཡང་ཡོད། དེ་ནི་གཞོན་སོ་དཀར་གྱི་བྱིས་པ་ཡན་ཆད་ནས་རྒན་སྐྲ་དཀར་གྱི་རྒན་འཁོགས་མན་ཆད་ཀྱི་སྐྱེས་པ་ཕལ་མོ་ཆེས་གཏོང་སྲོལ་ཡོད་མོད། སྤྱིར་ན་བུ་མོ་གྲོགས་ཆང་རྒྱག་མཁན་ཉུང་ཉུང་རེད། བྱིས་དུས་སུ་ང་ཚོ་བྱིས་པ་རྣམས་གྲོགས་ཆང་རྒྱག་དུས་དགོང་མོ་རང་ཁྱིམ་ལ་མ་ལོག་པར་གནས་ཚང་གང་དུ་འཁེལ་ཡང་དེའི་ཁྱིམ་དུ་ཉལ་རྐྱང་བྱེད་ཀྱི་ཡོད།
བཟའ་བཏུང་གི་དངོས་པོ་མར་དང་། ཆང་། ཟས་སྣུམ། རྩམ་པ། བག་ཕྱེ་སོགས་དང་། ཞོག་ཁོག ལ་ཕུག་སོགས་ཆ་སྙོམས་ཀྱིས་གྲོགས་པོ་སོ་སོ་ནས་བསྡུ་ཡི་ཡོད། ཕ་ཡུལ་གྱི་ཐོན་ཁུངས་གཙོ་བོ་ནས་ཡིན་པས། ཆུང་དུས་སུ་ང་ཚོས་ནས་འབྲུ་མང་ཉུང་ཅི་རིགས་བསྡུས་ནས་ཚོང་ཁང་དུ་ཁྱེར་ཏེ་བྱེ་ཞིབ་དང་། བྱེ་རིལ། ཕག་ཀྲིན། ཕིང་སོགས་ཉོ་ཡི་ཡོད། མི་རྒན་ཚོས་ཀྱང་རྒྱུན་མཁོའི་དངོས་པོ་ཙག་ཙིག་ཉོ་དགོས་ཚེ། འབྲུ་དང་ཚོང་ཟོག་བརྗེ་པོ་རྒྱག་གི་ཡོད།
གྲོགས་ཆང་མ་རྒྱག་པའི་སྔོན་ལ་གྲོགས་པོ་རྣམས་མཉམ་དུ་འདུས་ཏེ་སུའི་ཁྱིམ་དུ་གནས་ཚང་གཡར་མིན་དང་། དུས་ཚོད་གང་ལ་འཛོམ་མིན། གྲོགས་ཆང་ཉིན་ག་ཚོད་རྒྱག་མིན། འབྲུ་མང་ཉུང་ཅི་འདྲ་བསྡུ་མིན་སོཌ་གྲོས་བསྡུར་ལེགས་པར་གྲུབ་རྗེས། ཕ་མར་གྲོགས་ཆང་སྟེར་རོཌ་ཞེས་བཤད་ནས་ཕ་མའི་ཆོག་མཆན་ཐོབ་རྗེས་ད་གཟོད་དགའ་ཚོར་ཆེན་པོས་གྲོཌ་པོ་གཞན་དང་དུས་ཆད་ལྟར་འཛོམས་ཀྱི་ཡོད། སྐབས་རེ་གྲོཌ་པོ་རེ་འགར་ཕ་མས་གྲོགས་ཆང་མ་སྟེར་བའི་སྐབས་ཀྱང་ཡོང་གི་ཡོད་པས། ངུ་གིན་དུ་ང་ཚོའི་སར་ཡོང་ནས་ང་ལ་ཕ་མས་གྲོགས་ཆང་སྟེར་མ་བྱུང་ཞེས་བཤད་དེ་ལོག་འགྲོ་ཡི་ཡོད།
དགུན་དུས་ནི་གྲོགས་ཆང་རྒྱག་པའི་ནམ་དུས་ཡག་ཤོས་ཡིན་ཞེས་བཤད་ཆོག ཕལ་ཆེར་གྲོགས་ཆང་རྒྱག་པའི་སྲོལ་གཏོད་པ་པོ་མེས་པོ་བློ་གྲོས་ཅན་གང་དེས་ཀྱང་དགུན་དུས་ནི་ཕྱུགས་རིགས་བཤས་ལ་གཏོང་བའི་དུས་ཚིགས་ཡིན་པས། ཤ་ཅུང་འབེལ་བའི་རྐྱེན་གྱིས་ཡིན་ལ། ཟས་རིགས་འཕྲོ་བརླག་ཏུ་འགྲོ་དཀོན་པའི་ནམ་དུས་ཤིག་དང་། སོ་ནམ་པ་རྣམས་ཀྱང་ཅུང་དལ་བའི་དུས་སྐབས་ཀྱང་ཡིན་པས་རེད་སྙམ།
བྱིས་དུས་སུ་ང་ཚོ་གྲོགས་ཆང་རྒྱག་པའི་ཉིན་དེ་དག་གི་རིང་ཧ་ཅང་སྐྱིད་པོ་ཡོང་གི་ཡོད། དེ་དུས་དགོང་མོ་ང་ཚོ་ཕན་ཚུན་གཉིས་རེ་གཉིས་རེ་བྱས་ནས་ཉལ་ཆས་གཅིག་ནང་མཉམ་དུ་ཉལ་བ་དང་། ཞིམ་པའི་ཟས་ལ་མཉམ་དུ་རོལ་ཞིང་། སྐྱིད་པའི་རྩེད་མོ་སྣ་ཚོགས་མཉམ་དུ་རྩེད་པ་སྟེ། རྡོ་སྒོར་རྒྱག་པ། སྦེ་ག་འགྲན་པ། གཉའ་རྩལ་འགྲན་པ། ཤོ་རྩེད་འགྲན་པ་སོགས་རྩེད་མོ་སྣ་ཚོགས་རྩེད་ཆོག་པས། གྲོགས་ཆང་རྒྱག་པ་ནི་ལུས་རྩལ་འགྲན་ཚོགས་ཀྱི་སྟོན་མོ་ཆེན་མོ་ཞིག་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་སྙམ།
གྲོགས་ཆང་རྒྱག་པ་དེ་ནི་ཉི་ཚེ་བའི་བདེ་སྐྱིད་ཐོབ་ཐབས་བྱེད་པ་ཁོ་ན་མ་ཡིན་པར། གྲོགས་པོ་ཕན་ཚུན་དབར་གྱི་ཕྱི་ཐག་རིང་དུ་གཏོང་ཐབས་ཤིག་ཡིན་པས། ཆུང་ནས་བསྒྲིགས་པའི་གྲོགས་པོ་ཕལ་མོ་ཆེ་མ་ཤི་རྒན་འཁོགས་བར་མཛའ་གཅུགས་ཀྱི་དར་སྣེ་རིང་དུ་བསྲིངས་ཀྱི་ཡོད།
ང་ཚོའི་ཕ་ཡུལ་དུ་སྔར་ནས་ད་ལྟ་བར་སྐྱེ་བོ་གང་ཞིག་ལུས་ཀྱི་མགྲོན་ཁང་ཤུལ་དུ་བཞག་ནས་རྣམ་ཤེས་ཀྱི་མགྲོན་པོ་གཞན་དུ་གཤེགས་ཚེ། རྗེས་འཇུག་གི་བྱ་བ་རྣམས་ཆུང་དུས་ཀྱི་གྲོགས་མཆེད་དག་གིས་སྒྲུབ་རོགས་བྱེད་ཀྱི་ཡོད་པས། སྤྱིར་ན་གྲོགས་པོ་སྒྲིག་དུས་སྤུན་མཆེད་ཕན་ཚུན་དབར་གྲོགས་པོ་སྒྲིག་གི་མེད། རྒྱུ་མཚན་ནི་ཕུང་པོ་བྱ་སྟོར་སོགས་ཀྱི་རྗེས་འཇུག་གི་བྱ་བར་སྤུན་མཆེད་ཀྱིས་ལག་པ་འཇུ་མི་ཉན་པས་རེད།