དབུ་ཤོག>བོད་ཀྱི་རིག་གནས།
  • ལམ་དུ་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  པདྨ་ལྷ་མཛེས།   |     སྤེལ་དུས།  2023-06-04

    ཞོགས་པ་ནས་ས་སྲོད་བར་དང་། མཚན་མོ་ནས་སྐྱ་རེངས་བར། དཔྱིད་ཀའི་ཉི་འོད་ནས་དགུན་ཁའི་ཁ་བའི་བར། ངས་གངས་རི་དང་རྩྭ་ཐང་ཡོད་སའི་ཕ་ཡུལ་དྲན་གྱིན་ཡོད། མདུན་གྱི་ལམ་བུ་ཡཱ། ཕ་ཡུལ་དུ་བགྲོད་པའི་ལམ་གྱི་སྣེ་མོར། ཡུན་རིང་གི་དྲན་གདུང་སྦྲེལ་ནས་ཡོད་དམ།

    ཟླ་བ་དྭངས་ཤིང་གསལ་བའི་སྐབས་སུ། ས་མཐར་ཡོད་པའི་འཁྱམ་པོས་ཕ་ཡུལ་དྲན་པའི་སྐབས་སུ། རྟག་ཏུ་དགའ་བའི་འཛུམ་མདངས་སྟོན་གྱིན། གནམ་གཤིས་ཀྱི་འགྱུར་ལྡོག་དང་། རྐང་འོག་གི་འདམ་རྫབ། ཉིན་མཚན་གྱི་འཁོར་འགྲོས་སོགས་ལ་དོ་སྣང་གཏན་ནས་མི་བྱེད་པར། རྒྱུས་མངའ་ཆེ་བའི་ལམ་དེ་འཚོལ་བཞིན་ཡོད།

    དྲན་པའི་ཡོལ་རས་ཕྱེ་ན། ཆུང་དུས་ཨ་ཕས་བཤད་པའི་གཏམ་རྒྱུད་ནི་ཧ་ཅང་ཡི་གར་འོང་། ཨ་ཕའི་གཏམ་རྒྱུད་དང་འགྲོགས་ནས་འཚར་ལོངས་བྱུང་བའི་ཁོ་མོས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕུགས་བསམ་འཚོལ་བའི་ནམ་ཟླ་ནི་ཅི་འདྲའི་དྲན་གདུང་གིས་ཟིན་པ་ཞིག་མ་ལགས་སམ།

    ཕ་ཡུལ་ནི་ཕ་ཡུལ་ཙམ་དུ་མ་ཟད། དེ་ནི་དྲན་ཤེས་དང་བག་ཆགས། ཕྱིར་དྲན་དང་མནོ་བསམ་སོགས་ཀྱིས་བྱུར་བུར་གཏམས་པའི་ཞིང་ཁམས་ཤིག་དང་། རེ་བ་དང་ཕུགས་བསམ་གྱི་རྩ་ལག་རྒྱས་ས་དེ་བས་ལགས།

    ཨ་ཕས་སེམས་འཕྲེང་གི་དུང་བ་རུམ་གང་བསྣམས་ནས། ང་ལ་ཕ་ཡུལ་དུ་ལོག་དགོས་པའི་ཞལ་ཏ་གནང་གིན་ཡོད། ཕ་ཡུལ་ནི་ཨ་ཕའི་ཚེ་གང་གི་ཁྱིམ་གཞིས་དང་། བུ་ཕྲུག་གི་སེམས་ཀྱི་ལོག་མལ་ཁོ་ནའོ། ཕ་ཡུལ་དྲན་གྱིན་དྲན་གྱིན། སེམས་ཉིད་ཕ་ཡུལ་གྱི་མཐོངས་དབྱིངས་སུ་གཡེངས་ནས་འགྲོ

    ཕ་ཡུལ་དུ་ལོག་སའི་རི་ལམ་ཀྱག་ཀྱོག་བཅོ་བརྒྱད་དེའི་སྣེ་མོ་རུ། རེ་སྒུག་ཅིག་ཡོད་པ་ནི་ཕྲུ་གུ་ལོག་པར་སྒུག་པའི་ཨ་ཕ་ཡིན་ལ། ཡང་ཡང་ཡིད་ལ་དྲན་པའི་ཞོ་དང་འོ་མ། གངས་རི་དང་རྩྭ་ཐང་། སྦྲ་ནག་དང་ནོར་ལུག་ཡིན་ཞིང་། དྲན་པའི་གཏིང་རིམ་དུ་གབ་པའི་ཞོ་དབྱངས་སྙན་མོ་དང་། སྙན་དབང་གི་གསོས་སུ་སྨིན་པའི་འདབ་ཆགས་ཀྱི་གསུང་སྙན། མཐོ་དམའ་མི་མཉམ་པའི་གཡང་དཀར་ལུག་གི་འབའ་སྒྲ་སོགས་ནི་ཕ་ཡུལ་དུ་ཡོད་པའི་ལོངས་སྤྱོད་གཞན་ཞིག་ཅི་ལ་མིན།

    དེ་རིང་། ང་རང་ཕ་ཡུལ་དུ་ལོག་པའི་ལམ་དུ་ཡོད། ལམ་འདི་ནི་གངས་རིའི་འདབ་མ་ཁོར་མོ་ཡུག་ཏུ་འཁྲིགས་པའི་རྐང་ལམ་ཕྲ་མོ་ཡིན། འདི་ནས་ཨ་ཕའི་སྙིང་གི་འཕར་ལྡིང་ཐོས་ཐུབ་ལ། ཁྲུང་ཁྲུང་ནམ་མཁར་འཕུར་བའི་གཤོག་འགྱུར་ཡང་མཐོང་ཐུབ།

    བར་མཚམས་འདི་ནས། ང་རང་ཕ་ཡུལ་དུ་བདེ་བླག་ངང་འབྱོར་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།