དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་ཡིག་སྒྱུར་གྱི་སྒྱུར་ཐབས་སྐོར་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-02

    དང་པོ། མིང་གི་སྒྱུར་སྟངས།

    ཡིག་སྒྱུར་ནི་བསྒྱུར་བྱ་གང་ཡིན་པ་རང་རང་གི་སྒྱུར་བྱེད་སྐད་དུ་སྒྱུར་བའི་སྐབས་སུ་མ་ཡིག་ལ་བསྟུན་པ་ནི་ལོ་ཙཱའི་གཞུང་ལུགས་དང་ལོ་ཙཱའི་ལག་ལེན་གཉིས་ཀར་རྩ་འཛིན་བྱེད་པའི་གནད་དམ་པ་ཞིག་ལགས་པས། འདི་ལ་རྔོག་ལོ་བློ་ལྡན་ཤེས་རབ་ཀྱི་ཚད་མ་རྣམ་འགྲེལ་གྱི་འགྱུར་བྱང་དུ། “སྒྲ་དོན་གཉིས་ཀ་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གིས། །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །”ཅེས་གསུངས་པ་བཞིན་བསྒྱུར་བྱའི་མ་ཡིག་གི་སྒྲ་དོན་གཉིས་ཀའི་ཆར་གོ་བ་ལེགས་པར་བླངས་ནས་སྒྱུར་བྱེད་ཀྱི་སྐད་དུ་ཇི་བཞིན་བསྒྱུར་ན་དོན་གོ་ལོག་དང་བསླད་སྐྱོན་ཞུགས་མི་ཐུབ་པར་བསྒྱུར་ལེགས་པར་འོང་བའི་ཕྱིར་ན། མ་ཡིག་ལ་བསྟུན་རྒྱུ་ཉིད་ལོ་ཙཱའི་ཆེས་འགངས་ཆེ་བའི་ཆ་རྐྱེན་ཞིག་ཏུ་ཟད་དོ། དེ་ལྟར་མ་བྱས་པར་སྔོན་གྱི་ལོ་ཙཱ་བ་ཚད་ཐུབ་དག་གི་འགྱུར་ལ་བཅོས་སོགས་བྱས་ན་ལོ་ཙཱ་བ་ཚད་ལྡན་དུ་མི་བརྩི་སྟེ། དེའི་ཕྱིར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཞལ་སྔ་ནས། “སྒྲ་ཡི་རྣམ་གཞག་རྩྭ་ལྟར་དོར་ནས་ནི། །མཁས་པ་སྔ་མས་བསྒྱུར་བ་ཟུར་བཅོས་ཏེ། །འཕྲལ་སྐད་ཙམ་གྱིས་གཞན་གྱི་བློ་བསྒྱུར་བ། །འདི་དག་སྐད་གཉིས་སྨྲ་བའི་གཟུགས་བརྙན་ཡིན། །”ཞེས་གསུངས་པར་ཐུགས་མད་དོ། དེས་ན། མ་ཡིག་གི་བརྡ་སྤྲོད་ལུགས་ཀྱི་རྣམ་གཞག་ལ་གཙིགས་མཐོང་མི་བྱེད་པའི་ཁར་སྔོན་གྱི་མཁས་པས་བསྒྱུར་བ་དག་ལའང་བཅོས་ལྷད་ཞུགས་པར་བྱས་ནས་སྐབས་སྦྱར་ཕལ་སྐད་ཀྱི་བློ་བཟོའི་ཚིག་མང་པོས་བསླད་དེ་མ་ཡིག་གི་དོན་མི་ཤེས་པའི་ཀློག་པ་པོའི་བློ་སྒྱུར་ཐབས་བྱེད་པ་དེ་རིགས་ནི་མིང་ཙམ་གྱི་ལོ་ཙཱ་བ་ཡིན་ཞེས་ལྡོག་ཕྱོགས་ནས་ཚད་ལྡན་ལོ་ཙཱ་བ་ཞིག་བྱེད་པར་རིག་གནས་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོན་པོ་ཞིག་དགོས་པའི་རེ་བ་བཏོན་གནང་མཛད་ཞོར་ཐུན་མོང་མ་ཡིན་པའི་མ་ཡིག་གི་བརྡ་སྤྲོད་རྣམ་གཞག་ཞིབ་པར་ཁོང་དུ་ཆུད་རྒྱུ་དེ་མ་ཡིག་གི་བསྟན་དོན་ལེགས་པར་མཚོན་པར་བྱེད་པའི་གནད་འགག་ཡིན་ལུགས་སྟོན་པའོ། མ་ཡིག་ལ་བསྟུན་རྒྱུ་ནི་ཡིག་སྒྱུར་གྱི་གཞི་རྩ་ཞིག་སོང་གཞིས། དེའི་དབང་གིས་མ་ཡིག་ཀྱང་མིང་གི་ཚོགས་དང་ཚིག་གི་ཚོགས། དེ་བཞིན་ངག་བཅས་ལས་རིམ་པར་གྲུབ་པས། གཞི་རྐང་ཡིག་སྒྱུར་ཉིད་གོང་སྨྲོས་མིང་སོགས་པའི་སྒྱུར་ཐབས་ལས་མ་ཡིག་ལ་ཇི་ལྟར་བསྟུན་མིན་ཤེས་སོ། །རྩོམ་འདིའི་བརྗོད་གཞི་ཡང་རྒྱ་བོད་ཡིག་སྒྱུར་ལས་སྒྱུར་ཐབས་གྱི་སྐོར་དམིགས་སུ་བྱས་ནས་བཤད་པར་འདོད་པ་ལ་བརྗོད་སྙིང་རྣམས་དོན་ཚན་གྱི་དབང་དུ་བྱས་ན་གསུམ་དུ་དབྱེ་ནས་གླེང་བར་བྱ་བ་འདི་ལྟར་སྟེ།

    རྒྱ་བོད་ཡིག་སྒྱུར་གྱི་མིང་གི་སྒྱུར་སྟངས་ལ་བསམས་ན་མིང་ཕལ་ཆེ་བ་སྒྲ་སོར་བཞག་ཏུ་བྱས་ན་ལེགས་པ་དང་མིང་དམིགས་བསལ་ཅན་རྣམས་དོན་སྒྱུར་བྱ་དགོས་ལ། ལ་ལ་ནི་ཐད་ལོག་ཏུ་བསྒྱུར་ན་བཟང་བར་སྙམ། དེ་ཡང་རྒྱ་ཡིག་གི་མི་མིང་དང་ས་མིང་། དེ་བཞིན་བོད་སྐད་ལ་མེད་པའི་ཅ་དངོས་རིགས་རྣམས་སྒྲ་སྒྱུར་རམ་སྒྲ་སོར་བཞག་བྱ་བ་ལས་དོན་སྒྱུར་ལ་སོགས་པའི་སྒྱུར་ཐབས་གཞན་སྤྱད་ན། མ་ཡིག་གི་དོན་དང་འགལ་བར་འགྲོ། དཔེར་ན། རྒྱ་ཡིག་གི་ས་མིང“成都”དང་། “北京” དེ་བཞིན“重庆”སོགས་ནི་རིམ་པ་བཞིན“ཁྲེན་ཏུའུ”དང་། “པེ་ཅིང” “ཁྲུང་ཆིང”སོགས་སྒྲ་སོར་བཞག་གི་སྒྱུར་ཐབས་ཁོ་ན་ལས་སྒྱུར་སྟངས་གཞན་པ་སྤྱད་ན་ར་མགོ་ལུག་སྦྱར་གྱི་དཔེར་མི་འགྱུར་ཅི་ལ་སྲིད། གཞན། རྒྱ་ཡིག་གི་མིའི་མིང་ཡང་སྒྲ་སོར་བཞག་བྱེད་པ་ལས་སྒྱུར་ཐབས་གཞན་སྤྱད་ན། དོན་ཅི་ཡང་སྟོན་མི་ཐུབ་པ་ནི་མངོན་སུམ་ཚད་མའི་སྤྱོད་ཡུལ་ཟད་དེ། དཔེར་ན། “李白”དང་། “杜甫” དེ་བཞིན“鲁迅”སོགས་ནི“ལི་དཔལ” “ཏུའུ་ཧྥུ” “ལུའུ་ཞུན”སོགས་ལྟ་བུ་ཡང་སྒྲ་སྒྱུར་ལས་སྒྱུར་ཐབས་གཞན་རྣམས་སྤྱད་མི་རུང་བའོ། །དེས་མ་ཚད། བོད་ཀྱི་སྐད་གཤིས་དང་བོད་ཀྱི་ཡུལ་ན་མེད་པའི་ཟས་རིགས་དང་སྐྱེ་དངོས། དེ་བཞིན་ཅ་དངོས་ཀྱི་རིགས་རྣམས་ཡིག་སྒྱུར་བྱེད་སྐབས་སྒྲ་སོར་བཞག་གི་སྒྱུར་ཐབས་སྤྱོད་དགོས་པ་དཔེར་ན། རྒྱ་སྐད“白菜”དང་། “萝卜” “葱” “馍馍” དེ་བཞིན། “西瓜”དང་། “菜刀” “大司徒” “丞相” “桌子” “杯子”སོགས་ནི་བོད་སྐད་དུ“པད་ཚལ”དང་། “ལ་ཕུག” “ཙོང” “མོག་མོག” དེ་བཞིན“ཤི་ཀྭ”དང་། “ཚལ་ཏའོ” “ཏའི་སི་ཏུ” “ཕྱིང་སང” “སྒྲོག་རྩེ” “པི་ཙི”སོགས་རྣམས་རྒྱ་སྐད་སོར་བཞག་བྱས་ནས་བསྒྱུར་བ་ལས་དོན་སྒྱུར་སོགས་བྱ་བའི་ལུགས་མ་མཆིས་སོ། གཞན་དུ་ན། གནས་རི་དང་གནས་གྲགས་ཅན་ཁག་གི་མིང་རྣམས་དོན་སྒྱུར་གྱི་སྒྱུར་ཐབས་ཤས་ཆེ་ལ། ལར་ནི་སྒྲ་སྒྱུར་དང་དོན་སྒྱུར་བསྡེབས་ནས་སྒྱུར་བའི་ཐབས་སྤྱོད་པ་ནི་དེང་རབས་རྒྱ་བོད་ཡིག་སྒྱུར་གྱི་ལུགས་སུ་སྣང་ལ། དོན་དུ་དེ་ལྟར་བསྒྱུར་ན་འགྱུར་ལེགས་པར་མཐོང་ངོ་། །དཔེར་ན། རྒྱ་སྐད“天安门”དང་།“长城” “锦里古街” དེ་བཞིན“峨眉山”དང“西湖” “嘉峪关”སོགས་ནི་བོད་སྐད་དུ་སྒྱུར་སྐབས་རིམ་པ་བཞིན“གནམ་བདེ་སྒོ་མོ”དང་། “ལྕགས་རི་རིང་པོ” དེ་བཞིན“ཇིན་ལི་གནའ་ཁྲོམ”དང་། “གླང་ཆེན་འགྱིང་རི” “ཤི་ཧུ་མཚོ” “ཅ་ཡུས་འགག་སྒོ”སོགས་སུ་སྒྱུར་དགོས་པ་བཞིན་ནོ།

    གཉིས་པ། ཚིག་གི་སྒྱུར་སྟངས།

    རྒྱ་བོད་ཡིག་སྒྱུར་གྱི་མིང་གི་སྒྱུར་ཚུལ་ཕུད་པའི་ཚིག་གི་སྒྱུར་སྟངས་ལའང་རང་རང་གི་དམིགས་བསལ་གྱི་ཁྱད་ཆོས་བླ་ལྷག་ཏུ་མཆིས་ཏེ། དེ་ཡང་ཁོ་མོས་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་ཡུན་རིང་བྱས་པའི་ཉམས་མྱོང་དཀྱུས་སུ་བཟུང་ནས་བརྗོད་ན་དོན་གནད་ཆེ་བ་གསུམ་དུ་འདུ་བར་སེམས་སོ། འདིར་བཤད་པའི་ཚིག་ནི་བྱ་ཚིག་རྐྱང་པ་གཙོ་བོར་བྱས་ནས་གླེང་བ་ལས་ཚིག་གི་ཚོགས་སོགས་པའི་ཚིག་ཡོངས་ནི་མིན་ནོ།

    དེ་ལ་སྤྱིར་ན་ཚིག་ཅེས་པ་མིང་གི་ཁྱད་པར་སྟོན་པ་ལ་གོ་བས། ཚིག་གི་གཞི་མ་མིང་ལ་བརྟེན་ནས་བྱུང་སྟབས་ཚིག་གི་སྒྱུར་ཐབས་ཀྱང་ཁྱབ་ཆེ་ས་ནས་མིང་གི་སྒྱུར་ཚུལ་དང་མཐུན་ཤས་ཆེ། རྒྱ་བོད་ཡིག་སྒྱུར་བྱེད་སྐབས་ཚིག་གི་འགྱུར་སྟངས་ཕལ་ཆེ་བ་དོན་སྒྱུར་དང་ཐད་སྒྱུར། དེ་བཞིན་སྐད་རང་སོར་འཇོག་པ་བཅས་གསུམ་འདུས་ཅན་གྱི་རྣམ་པའི་ཆ་ནས་སྒྱུར་བའི་ལུགས་མཆིས་ལ། ལར་ནི་དོན་སྒྱུར་ཁོ་ན་དང་། སྐབས་འགར་ཐད་སྒྱུར་དང་སྒྲ་སོར་བཞག་བསྲེས་ནས་སྒྱུར་བའི་སྲོལ་ཡང་མཆིས། དཔེར་ན། རྒྱ་སྐད་“用笔”དང་། “吃菜”དང“喝汤”སོགས་པའི་ཚིག་འདི་རྣམས་བོད་སྐད་དུ་སྒྱུར་དུས་དོན་སྒྱུར་དང་སྐད་སོར་བཞག་བསྡེབས་ནས་སྒྱུར་དགོས་ཏེ་དེ་རྣམས་རིམ་པ་བཞིན“པིར་སྤྱོད་སྟངས”དང་། “ཚལ་ཟ་བ” དེ་བཞིན“ཐང་འཐུང་བ”བཅས་སུ་འགྱུར་བ་ལས་ཤེས་སོ། རྒྱ་སྐད་ཀྱི་ཚིག་ལ་ལ་ནི་ཐད་སྒྱུར་ཁོ་ན་བྱས་ན་བཟང་སྟེ་དཔེར་ན་རྒྱ་ཡིག་གི་“写真”དང་། “布局”དེ་བཞིན“灭火”དང་། “运动” “关门” “按摩” “转让” “算数”ལ་སོགས་པའི་བྱ་ཚིག་རྣམས་བོད་སྐད་དུ་ཐད་སྒྱུར་བྱེད་པ་ལས་སྒྲ་སོར་བཞག་བྱས་ན་དོན་གོ་མི་ཆོད་པ་ལྟ་བུའོ། དེ་རྣམས་རིམ་པ་བཞིན“དངོས་བྲིས”དང་། “བཀོད་པ” དེ་བཞིན“མེ་གསོད་པ” “ལུས་སྦྱོང” “སྒོ་བརྒྱབ” “འཕུར་མཉེས་གཏོང་བ” “ནང་བཤུག་གཏོང་བ” “རྩིས་རྒྱག་པ”སོགས་སུ་བསྒྱུར་ན་དོན་ལེགས་པར་འབྱོར་རོ། རྒྱ་སྐད་ཀྱི་ཚིག་ཁག་གཅིག་བོད་སྐད་དུ་སྒྱུར་སྐབས་ངེས་པར་དུ་དོན་སྒྱུར་བྱེད་དགོས་པའི་ཆ་ནི་དཔེར་ན། རྒྱ་ཡིག“深秋”ཞེས་པ་བོད་སྐད་དུ་བསྒྱུར་ན“སྟོན་མཇུག་གམ་སྟོན་གཞུག”ཅེས་པར་བསྒྱུར་དགོས་པ་ལྟ་བུའོ། དེའི་ཕྱིར་རྒྱ་བོད་ཡིག་སྒྱུར་གྱི་རྒྱ་ཡིག་གི་ཚིག་གང་རུང་ཞིག་བོད་ཡིག་ཏུ་སྒྱུར་བའི་སྐབས་དོན་སྒྱུར་དང་ཐད་སྒྱུར། དེ་བཞིན་ཐད་སྒྱུར་དང་སྒྲ་སོར་བཞག་བསྲེས་ནས་སྒྱུར་བའི་ལུགས་མཆིས་པའི་སྣང་ཚུལ་ནི་ལོ་ཙཱའི་ལག་ལེན་ནས་ར་སྤྲོད་ཐུབ་ལ། རྒྱ་བོད་ལོ་ཙཱའི་རིགས་པའི་གཞུང་ལུགས་ཁག་ལའང་དེ་དེ་བཞིན་དུ་གསལ་ལོ།

    གསུམ་པ། ངག་གི་སྒྱུར་སྟངས།

    ད་ནི་རྒྱ་བོད་ཡིག་སྒྱུར་གྱི་ངག་གི་སྒྱུར་སྟངས་འཆད་པར་བྱའོ། །འདིར་བཤད་པའི་ངག་ཅེས་པ་ནི་རྒྱ་སྐད་ཀྱི“句子”ཞེས་པ་དེར་གོ། དེ་ཡང་ངག་ཅེས་པ་ནི་མཁས་འཇུག་ལས།“དོན་གྱི་ངོ་བོ་སྟོན་པ་མིང་། །དེ་ཡི་དབྱེ་བ་སྟོན་པ་ཚིག ། དེ་དག་ཕན་ཚུན་འདུས་པ་ལས། །བརྗོད་དོན་གསལ་བར་སྟོན་པ་ངག །”ཅེས་གསུངས་པ་དང་། ངག་ཆ་ཚང་ཞིག་གྲུབ་པའི་ཆ་རྐྱེན་ཙམ་སྨྲོས་ན་ནི་ངག་རིག་གི་གཞུང་རྣམས་སུ་ངག་དོན་བྱེད་ཅན་དྲུག་ཅེས་པའི་བརྡ་མཛད་པར་སྣང་བས། “བྱེད་པོ་ལས་དང་བྱེད་ཅན་ཆེད། །འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག ། དྲུག་བརྒྱད་སྤངས་པའི་རྣམ་དབྱེའི་གཞི། །”ཞེས་གསལ་བར་གཞིགས་ན་ངག་ཅེས་པ་ནི་གཞི་རྣམ་དབྱེ་དང་པོ་མིང་གི་ངོ་བོ་ཙམ་སྟོན་པ་ལ་རྣམ་དབྱེ་དྲུག་པ་དང་བརྒྱད་པ་སྦྱར་ན་ངག་ཏུ་མ་གྲུབ་ལ། གཞི་རྣམ་དབྱེ་དང་པོར་གཞན་རྣམ་དབྱེ་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། བདུན་པ་རྣམས་གང་རུང་ཞིག་སྦྱར་ན་ངག་ཏུ་གྲུབ་པ་བསྟན་པའོ། །

    རྒྱ་བོད་ཡིག་སྒྱུར་བྱེད་སྐབས་ངག་གི་སྒྱུར་ཐབས་ཐད་སྤྱིར་ན་ཕལ་ཆེ་བ་དོན་སྒྱུར་དང་ཐད་སྒྱུར་ཤས་ཆེ་བ་སྤྱད་ན་མ་ཡིག་དང་འགྱུར་ཡིག་གཉིས་གོ་བསྟུན་པར་འགྲོ་བའི་ལེགས་ཆ་ལྡན་པར་སེམས་ལ། དོན་གྱི་སྒྱུར་གྱི་སྤུས་ཚད་དང་བསྒྱུར་དག་ལོས་སོགས་གང་ས་ཅི་ཐད་ནས་རྒྱ་ཡིག་གི་ངག་རྣམས་བོད་སྐད་དུ་སྒྱུར་བའི་ཚེ་གོང་སྨྲོས་ཀྱི་སྒྱུར་ཐབས་དེ་གཉིས་སྤྱད་པ་དོན་དངོས་པོའི་ལམ་དུ་སོང་གཤིས། རྒྱ་ཡིག་གི་བསྟན་བཅོས་རྣམས་སུ་བཞུགས་སུ་གསོལ་བའི་གཏམ་དཔེ་དང་སྒྲུང་རྒྱུད་རྣམས་བོད་སྐད་དུ་སྒྱུར་སྐབས་བོད་མིའི་རྣ་བར་འཇགས་པའི་གཏམ་དཔེ་དང་དཔེ་ཆོས་སོགས་དང་དོན་འདྲ་བ་འབྲེལ་ནས་བསྒྱུར་ན་མ་ཡིག་གི་དོན་སྙིང་སྟོན་ནུས་ལ། འགྱུར་ཡིག་དོན་གནད་ཀྱང་མངོན་པའི་ནུས་པ་མཆིས་སོ། ། དཔེར་ན། རྒྱ་ཡིག“张冠李戴”ཞེས་པ་དང་། “对牛弹琴”དེ་བཞིན། “牡丹花下死,做鬼也风流”ཞེས་པ། “道高一尺魔高一丈”ཞེས་པ་རྣམས་བོད་སྐད་དུ་རིམ་པ་བཞིན“ཞྭ་དཔེ་ལྷམ་འགེབས”ཞེས་པ་དང་། “བོང་བུའི་རྣ་བར་གསེར་བླུགས”ཞེས་པ། “དཔག་བསམ་ཤིང་ལ་འཛེག་རྒྱུ་བྱུང་ན་གོས་ཆེན་པགས་ཚག་རལ་ཀྱང་རལ”ཞེས་པ། “བོང་བུར་ཉལ་སྟངས་བཅོ་བརྒྱད་ཡོད་ན། ཚོང་པར་སློང་སྟངས་བཅུ་དགུ་ཡོད”ཅེས་པ་ལྟ་བུ་སོགས་ལས་ཤེས་སོ།

    མདོར་ན། རྒྱ་བོད་ཡིག་སྒྱུར་གྱི་སྒྱུར་ཐབས་ནི་གཙོ་བོ་མིང་དང་ཚིག་དེ་བཞིན་ངག་གསུམ་གྱི་སྒྱུར་གྱི་ཐབས་ཤེས་ཤིག་ཡིན་པ་གང་ཞིག དེ་རྣམས་ཀྱང་སྒྲ་སྒྱུར་དང་དོན་སྒྱུར། ཐད་སྒྱུར་གསུམ་གྱི་ལམ་ནས་མ་ཡིག་དང་འགྱུར་ཡིག་གཉིས་ཀར་འཚམ་པའི་སྒྱུར་སྟངས་ཤིག་སྤྱོད་པ་ལས་མཐའ་ཅིག་ཏུ་སྒྱུར་ཐབས་ངེས་གཏན་གཅིག་གིས་མ་ཁྱབ་པའི་ཕྱིར་ན་རྒྱ་བོད་ཡིག་སྒྱུར་གྱི་ལག་ལེན་དངོས་དང་གཞུང་ལུགས་སྒོ་ཀུན་ནས་ཤེས་དགོས་སོ། །

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་ལེ་ཚན་ལྟེ་གནས། སྐལ་བཟང་སྒྲོལ་དཀར)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།