རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས། རྡོ་བརྐོས་སྒྱུ་རྩལ་གོང་དུ་སྤེལ།
——མངོན་མིན་རིག་གནས་ཤུལ་བཞག་རྡོ་བརྐོས་སྒྱུ་རྩལ་རྒྱུན་འཛིན་པ་བསམ་གྲུབ་ཚེ་རིང་གི་སྐོར་བཀོད་པ།
ལྷ་ས་གྲོང་ཁྱེར་གྱིས་རྫོང་རྒྱབ་ཀླུ་ཁང་དུ་གཉེར་བའི“མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན”ལ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་པའི་མཚོན་བྱེད་ཀྱི་རང་བཞིན་ལྡན་པའི་རྣམ་གྲངས་ཁག་གི་ལག་ཁྱེར་སྤྲད་པ་རེད། ཐེངས་འདིའི་མཚོན་བྱེད་ཀྱི་རང་བཞིན་ལྡན་པའི་རྣམ་གྲངས་སུ་བདམས་པའི་སྲོལ་རྒྱུན་རྡོ་བརྐོས་ལག་རྩལ་གྱི་རྒྱུན་འཛིན་པ་བསམ་གྲུབ་ཚེ་རིང་ལ་སེམས་འགུལ་ཆེན་པོ་ཐེབས་ནས་གཟེངས་རྟགས་དང་ལག་ཁྱེར་ལེན་བཞིན་ངོ་གདོང་ལས་དགའ་སྤྲོའི་ཉམས་བཟང་མངོན། “ད་ཆ་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་པས། རྩལ་ནུས་ཤེས་ལྡན་པའི་ཐོབ་ཆ་དང་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་སོང་བ་དང་། ཁས་ལེན་དཔང་རྟགས་ལག་ཁྱེར་འདི་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། འདི་ནི་ལོ་20ལྷག་ཙམ་རིང་སྲོལ་རྒྱུན་གྱི་རྡོ་བརྐོས་ལག་རྩལ་རྒྱུན་འཛིན་ཧུར་ཐག་བྱས་པར། ཁས་ལེན་དང་ལྕག་སྐུལ་བྱས་པ་ཞིག་ཀྱང་རེད། སླད་ཕྱིན་ངས་སྔར་ལས་ལྷག་པའི་འབད་བརྩོན་བྱས་ནས་སྲོལ་རྒྱུན་དང་གསར་གཏོད་ཟུང་འབྲེལ་མཐའ་འཁྱོངས་བྱེད་ཀྱི་ཡིན་ལ། ན་གཞོན་དེ་བས་མང་བ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལས་ལ་ཞུགས་ནས་ལག་རྩལ་འདི་དར་རྒྱས་གོང་འཕེལ་གཏོང་བའི་རེ་བའང་ཡོད”ཅེས་བཤད།
འདི་ལོ་ལོ་35ལ་སླེབས་པའི་བསམ་གྲུབ་ཚེ་རིང་རྡོ་བརྐོས་ཁྱིམ་རྒྱུད་དུ་སྐྱེས་པ་དང་ཕ་མེས་ཚང་མ་རྡོ་བཟོ་བ་ཡིན་ཞིང་། ཁོང་ནི་ཁྱིམ་རྒྱུད་ཀྱི་རྡོ་བརྐོས་ལག་རྩལ་རྒྱུན་འཛིན་པ་མི་རབས་དྲུག་པ་དེ་རེད། བསམ་གྲུབ་ཚེ་རིང་ཆུང་དུས་ནས་རྡོ་ལ་དམིགས་བསལ་གྱི་བརྩེ་དུང་ཞིག་ཡོད་ཅིང་། ལོ་14སླེབས་པ་ནས་བཟུང་པཱ་ལགས་ཀྱི་མཛུབ་ཁྲིད་འོག་རྡོ་ལ་ཡི་གེ་རྐོ་བ་དང་རི་མོ་འབྲི་བ་སོགས་རྡོ་བརྐོས་དང་འབྲེལ་བའི་ལག་རྩལ་སྦྱོང་འགོ་ཚུགས། “ཡི་གེ་རྐོ་བ་ནི་རྡོ་བརྐོས་ལག་རྩལ་གྱི་རྨང་གཞི་ཡིན་པས་ཡང་ཡང་སྦྱོང་དགོས། བརྐོས་བརྒྱབ་པ་རྣམས་ཡག་པོ་མ་བྱུང་ན་བསུབས་ནས་བློ་ཡིད་མ་ཚིམས་བར་དུ་སླར་ཡང་རྐོ་དགོས”ཞེས་བསམ་གྲུབ་ཚེ་རིང་གིས་བཤད་ཅིང་། དེ་དུས་པཱ་ལགས་ཀྱི“ཧ་ཅང་ཡག་པོ་བརྐོས་འདུག”ཅེས་གདེང་འཇོག་གནང་བ་ཐོས་སྐབས། ཉིན་གང་དགའ་ཚོར་ཆེན་པོ་བྱུང་ལུགས་གསར་འགོད་པར་བརྗོད།
འབད་བརྩོན་ལྷོད་མེད་བྱས་པར་བརྟེན། བསམ་གྲུབ་ཚེ་རིང་གིས་བརྐོས་པའི་ཐོན་རྫས་ལ་གསོན་ཉམས་དོད་ཅིང་ཁྱད་ཆོས་ལྡན་པས། བལྟས་མ་ཐག་གཞན་ལ་ཉམས་དགའ་བའི་སྣང་བ་སྦྱིན། བསམ་གྲུབ་ཚེ་རིང་གི་རྡོ་བརྐོས་ལ་བརྟན་ཞིང་བརྗིད་ཆགས་པའི་ཁྱད་ཆོས་ལྡན་ཁར། ཆེ་བ་མིའི་གཟུགས་པོའི་ཉམས་དང་ཆུང་བ་གོས་རྒྱན་བར་ཞིབ་ཚགས་པའི་ཁྱད་ཆོས་མངའ་ཞིང་། གཞན་ཡང་ཁོང་གི་ལག་ཆ་བཀོལ་སྟངས་ཐད་བྱང་ཆ་ལྡན་པ་དང་ཐུན་མོང་མིན་པའི་ལག་རྩལ་གྱི་ཁྱད་ཆོས་གཟེངས་སུ་ཐོན་ཡོད།
བསམ་གྲུབ་ཚེ་རིང་གིས་རྡོ་བརྐོས་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྡོ་བརྐོས་སྒྱུ་རྩལ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པ་མ་ཟད། དེའི་ནང་དོན་དང་རིག་གནས་ཀྱི་བསྟན་དོན་ཡང་སྔོག་འདོན་བྱེད་བཞིན་ཡོད། གཞན་ཡང་རྡོ་བརྐོས་དང་རིག་གནས་ཀྱི་ནང་དོན་འཚམ་མཐུན་ཡོང་བར་མཐོང་ཧ་ཅང་ཆེན་པོ་བྱས་ནས། རྡོ་བརྐོས་བརྩམས་ཆོས་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་ཤུལ་འཛིན་པར“བརྒྱུད་རོགས་ཁྲིད་གསུམ”ཇི་ལྟར་བྱེད་པ་ནི་བསམ་གྲུབ་ཚེ་རིང་གིས་ཡུན་རིང་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད། “སྲོལ་རྒྱུན་གྱི་རྡོ་བརྐོས་བརྩམས་ཆོས་དག་དེང་རབས་ཁྲོམ་རའི་དགོས་མཁོ་དང་དེ་ཙམ་འཚམ་གྱི་མེད། དེ་ནི་ངས་ཐོད་བརྒལ་བྱེད་འདོད་པའི་གནད་དོན་ཞིག་ཡིན་པ་དཔེར་ན། ནང་དོན་ཐད་གསར་གཏོད་དང་། གསོལ་མགྲོན་ཁང་དང་སྡོད་ཁང་མཛེས་བཟོ། འཚོ་བའི་མཁོ་ཆས་དང་རིག་གནས་བསམ་བཀོད་ཡུལ་སྐོར་ཐོན་རྫས་སོགས་ཀྱི་ཁྲོམ་ར་གསར་དུ་བཏོད་པ་དང་ཆབས་ཅིག དྲ་ཐོག་ཕྱིར་ཚོང་གི་ཐབས་ལམ་བཏོད་ནས་ས་ཆ་གང་སར་ཐོན་རྫས་འཚོང་ཐུབ་པ་ལྟ་བུ་རེད”
བསམ་གྲུབ་ཚེ་རིང་གི་ལས་སྒྲུབ་ཁང་དུ་ལས་བྲེལ་ཆེ་བའི་ཁོ་རང་ཕུད། ད་དུང་ལོ་གཉིས་ལྷག་ཙམ་དེ་གར་ལས་ཀ་བྱེད་མྱོང་བའི་བཀྲ་ཤིས་ཚེ་བརྟན་ཡང་ཡོད། ཁོང་ནི་བསམ་གྲུབ་ཚེ་རིང་དང་འདྲ་བར་ཆུང་དུས་ནས་ནང་མི་དང་མཉམ་དུ་རྡོ་བརྐོས་ལག་རྩལ་སྦྱངས་པ་མ་ཟད། ལག་རྩལ་དེར་དགའ་ཞེན་ཆེན་པོ་ཡོད།“ལས་སྒྲུབ་ཁང་འདིར་ཞུགས་པ་ནི་བསམ་གྲུབ་ཚེ་རིང་དང་མཉམ་དུ་སློབ་སྦྱོང་ཡག་པོ་བྱས་ཏེ། རང་ཉིད་ཀྱི་རྩལ་ནུས་སྔར་བས་ལེགས་སུ་གཏོང་འདོད་པའི་ཆེད་དུ་རེད་ལ། ཡོང་འབབ་ཀྱང་ཡག་པོ་འདུག”ཅེས་བཀྲ་ཤིས་ཚེ་བརྟན་གྱིས་བཤད།
བསམ་གྲུབ་ཚེ་རིང་གིས། རང་ཉིད་ཀྱི་བུ་གཉིས་གསོ་སྐྱོང་ཡག་པོ་བྱས་ནས་ཁྱིམ་རྒྱུད་ཀྱི་ལག་རྩལ་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
མངོན་མིན་རིག་གནས་ཤུལ་བཞག་ལ་སློབ་སྦྱོང་ཟབ་མོ་བྱེད་དགོས་པ་མ་ཟད། རྒྱུན་འཛིན་དང་དར་སྤེལ་ཡང་གཏོང་དགོས། བསམ་གྲུབ་ཚེ་རིང་གིས་མི་དེ་བས་མང་བས་སྲོལ་རྒྱུན་རིག་གནས་རྒྱུས་ལོན་དང་སྲོལ་རྒྱུན་ལག་རྩལ་ལ་དགའ་ཞེན་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས་ད་དུང་སྲོལ་རྒྱུན་གྱི་རྡོ་བརྐོས་ལག་རྩལ་འདི་སྤྱི་ཕན་བྱ་གཞག་ཏུ་བཅུག་ནས་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱི་རིན་ཐང་སྔར་བས་ཆེ་བ་འདོན་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད་པ་རེད།