“སྒྲ་སྙན་རྣ་བར་སྙན་པས། བདག་གིས་སྒྲ་སྙན་དཀྲོལ་ནས་གཉེན་ཉེར་ཕུལ། སྡུག་བསྔལ་བདེ་ལ་གྱུར། མེ་ཏོག་རྣམ་པར་བཞད། དཀར་གཙང་མཇལ་དར་སྒྲོན། གངས་རི་དང་པེ་ཅིང་འབྲེལ། དགའ་བ་ལ། སྐྱིད་པ་ལ། གངས་རི་དང་པེ་ཅིང་འབྲེལ”
ལྷ་ས་ནས་རྒྱལ་ས་པེ་ཅིང་དུ་སྐྱོད་པའི་མེ་འཁོར་ནང་རྒྱུད་དྲུག་སྒྲ་སྙན་དང་འགྲོགས་པའི“གངས་རི་དང་པེ་ཅིང་འབྲེལ”ཞེས་པའི་སྙན་འཇེབས་འགྱུར་ཁུག་ཁྲོད། ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་སློབ་མ་བསྟན་འཛིན་སྐལ་བཟང་གིས་རང་འགུལ་ངང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི“སྐལ་བཟང་མེ་ཏོག”སྒྱུ་རྩལ་ཚོགས་པའི་སློབ་མའི་འཐུས་མི་གཞན་དང་མཉམ་དུ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་བྱ་རྒྱུ་ཡིན་པའི་གླུ་གཞས་དེ་ནང་སྦྱོང་བྱས་པ་རེད།
རོལ་དབྱངས་དེས་མེ་འཁོར་འཁོར་སྒྲོམ་ནང་གི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་པ་ཚོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་སྟེ། ཚང་མས་ལག་ཐོགས་ཁ་པར་བཏོན་ནས་པར་དང་བརྙན་བླངས་པས་སྐབས་ཤིག་རིང་འཁོར་སྒྲོམ་ནང་འཁྲུག་ཆ་ཧ་ཅང་དོད་པོར་གྱུར།
པེ་ཅིང་དུ་སླེབས་རྗེས། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི“སྐལ་བཟང་མེ་ཏོག”སྒྱུ་རྩལ་ཚོགས་པའི་སློབ་མའི་འཐུས་མི་ཚོགས་པ་དང་པེ་ཅིང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་ཐའེ་ཧུའུ་ཟློས་གར་ཁང་དུ་མཉམ་དུ་འཛོམས་ནས་2023ལོའི“སྤྱོད་བཟང་མི་སྣ་གསོ་སྐྱོང”གི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་དུས་ཆེན་གྱི“གངས་རི་དང་པེ་ཅིང་འབྲེལ”ཞེས་པའི་ཞབས་བྲོའི་ཆེད་དོན་འཁྲབ་སྟོན་ལ་མཉམ་དུ་ཞུགས་པ་རེད།
ད་རེས་ཀྱི་ཞབས་བྲོའི་ཆེད་དོན་འཁྲབ་སྟོན་ནི་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་ཞིག་ཡིན་པ་མ་ཟད། པེ་ཅིང་གི་བོད་སྐྱོར་སློབ་གསོ་ཚོགས་པས་བོད་ཀྱི་སློབ་མར་ཇུས་འགོད་ཞིབ་ཚགས་བྱས་ནས་པེ་ཅིང་དུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་བྱེད་སྒོའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད།
འཁྲབ་སྟོན་བྱ་ཡུལ་དུ་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི“སྐལ་བཟང་མེ་ཏོག”སྒྱུ་རྩལ་ཚོགས་པའི་སློབ་མ་ཚོས་རྒྱུད་དྲུག་སྒྲ་སྙན《གངས་རི་དང་པེ་ཅིང་འབྲེལ》དང་། རས་པའི་ཞབས་བྲོ《སྐལ་བཟང་མེ་ཏོག་འབྱུང་འགྱུར་ལ་ཕྱོགས》 ནང་མ་སྟོད་གཞས《སྐྱིད་པོའི་མེ་ཏོག་བདེ་སྐྱིད་སྐལ་བཟང》 སྨར་ཁམས་ཀྱི་པི་ཝང་ཞབས་བྲོ《གཡུ་ཆུང་དྲུག་དཀར》 ནག་ཆུའི་སྐོར་བྲོ《གསེར་མདོག་གི་ཉི་མ》སོགས་སྲོལ་རྒྱུན་གྱི་མི་རིགས་གླུ་གར་འཁྲབ་སྟོན་བྱས་ནས་པེ་ཅིང་དང་ལྷ་སའི་གཞོན་ནུ་ལོ་ཆུང་དབར་གཅིག་སེམས་གཅིག་སྦྲེལ་དང་ལག་གདང་སྦྲེལ་བའི་བརྩེ་སེམས་ཟབ་མོ་མཚོན་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དཔེ་རིས་ཤིག་མངོན་ཡོད།
པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་རྒྱབ་སྐྱོར་ལ་བརྟེན་ནས། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི“སྐལ་བཟང་མེ་ཏོག”སྒྱུ་རྩལ་ཚོགས་པའི་སློབ་མ་ཚོ་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་དང་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་ཕྱོགས་བསྡུས་ལག་ལེན་རྟེན་གཞིས་སྒྲུབ་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་སློབ་མའི“པེ་ཅིང་དང་བོད་ལག་གདང་སྦྲེལ། མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཞིབ་འཇུག་དང་སློབ་སྦྱོང་གི་ལག་ལེན་སློབ་གསོའི་བྱེད་སྒོར་ཡང་ཞུགས་པ་རེད།
ད་རེས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་གི་ལག་ལེན་སློབ་གསོའི་བྱེད་སྒོ་སྤེལ་རིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བསམ་བློ་ཆབ་སྲིད་ལས་དོན་ཁང་གི་འགན་འཁུར་བ་ཉི་མ་ཕན་ཐོགས་ཉིན་ལྟར་ལས་ལ་བྲེལ་བཞིན་ཡོད་པ་རྟག་ཏུ་མཐོང་རྒྱུ་ཡོད།
2015ལོ་ནས་བཟུང་། ཉི་མ་ཕན་ཐོགས་ཀྱིས་ལོ་ལྟར་སློབ་མ་ཚོ་དང་མཉམ་དུ་ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོར་ཞུགས་ནས་སློབ་མའི་ཟས་གོས་སྡོད་གསུམ་ནས་སློབ་སྦྱོང་དང་ནང་སྦྱོང་སོགས་ཚང་མར་བཀོད་སྒྲིག་ཧ་ཅང་ཚགས་ཚུད་པོ་བྱས་ཡོད།
ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཏང་རྩ་འཛུགས་ཀྱི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲོའུ་ཞའོ་ཡུས་ཀྱིས། “ད་རེས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོའི་རིང་ང་ཚོས་སློབ་མ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་རྟེན་མཛོད་ཁང་དུ་ཆབ་སྲིད་ཀྱི་སློབ་ཚན་མཉམ་དུ་ཉན་པ་དང་། ཀྲུང་གོ་ཚན་རྩལ་ཁང་དུ་ཚན་རྩལ་གྱི་སློབ་ཚན་མཉམ་དུ་ཁྲིད་པ། ཀྲུང་གོ་མཛེས་རྩལ་ཁང་དུ་མཛེས་རིག་སློབ་གསོའི་སློབ་ཚན་མཉམ་དུ་ཉན་པ། སློབ་གྲྭར་ལུས་རྩལ་འགྲན་བསྡུར་གཉེར་བ་བཅས་བྱས་ནས་རྒྱལ་སའི་སློབ་གསོ་དང་། རིག་གནས། ཚན་རྩལ་བཅས་ཀྱི་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་ས་ཆ་གཉིས་ཀྱི་སློབ་མ་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་རབས་གསར་པ་སྐྱེད་སྲིང་ཐུབ་རྒྱུའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།