འཛམ་གླིང་ལ་ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ་མངོན་པར་བྱེད།
—— བོད་ལྗོངས་འགྲེམས་ཚོགས་སྐབས་རིམ་བྱུང་གི་བཀྲག་མདངས་འཚེར་སར་ཕྱིར་དྲན་བྱས་པ།
2014ལོ་དང་། 2015ལོ། 2016ལོ། 2018ལོ་བཅས་སུ་བོད་ཀྱིས་རིག་གནས་འགྲེམས་སྟོན་དང་། ཡུལ་སྐོར་དྲིལ་བསྒྲགས། ཚོང་འགུགས་མ་འདྲེན་བཅས་ནང་དོན་གཙོ་བོར་བྱས་པའི་བོད་ལྗོངས་འགྲེམས་ཚོགས་སྐབས་4བདེ་བླག་ངང་གཉེར་བ་རེད། བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་ཡུལ་སྐོར་བ་དེ་བས་མང་པོ་ཞིག་ས་མཐོར་ཡོང་བ་དང་བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཞིག་འཛམ་གླིང་ལ་ཁྱབ་པར་བྱས་ཡོད། ད་ཆ་བོད་ལྗོངས་འགྲེམས་ཚོགས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཉམས་བཟང་མངོན་པའི་སྐར་ཁུང་གལ་ཆེན་ཞིག་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་རིག་གནས་མིང་བྱང་དུ་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོར་བསུ་བ་ཞུས་པ།
“བོད་ལྗོངས་འགྲེམས་ཚོགས་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གལ་ཆེན་ཞིག་ཡིན་ཞིང་། དེས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་བོད་ཀྱི་རིག་གནས་དང་ཡུལ་སྐོར་དེ་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་དུ་འཕེལ་རྒྱས་བཏང་བ་མཚོན་ཡོད།བོད་ལྗོངས་འགྲེམས་ཚོགས་འཚོགས་པ་དེས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་སྐུལ་སློང་ཐེངས་དང་པོ་བྱས་པ་དང་། ཚང་མས་བོད་ཀྱི་དམིགས་བསལ་ལེགས་ཆ་ལྡན་པའི་ཐོན་ཁུངས་གང་ལེགས་སྤྱད་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ས་གནས་ཁག་གི་མི་དམངས་ཀྱི་ཡུལ་སྐོར་གྱི་དགོས་མཁོ་སྐོང་ཆེད་འབྲེལ་མཐུད་བྱས་ཡོད”ཅེས་2014ལོར་གཉེར་བའི་བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོའི་ཐོག་གྲགས་ཅན་གྱི་དཔལ་འབྱོར་རིག་པ་མཁས་ཅན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུ་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིན་དབྱི་ཕུའུ་ཡིས་དེ་ལྟར་བརྗོད།
ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱིས་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་ཡུལ་སྐོར་རིག་གནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། ད་ཆ་བོད་ཀྱི་ཡུལ་སྐོར་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། མང་ཚོགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན། ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ལས་སྟེགས་གལ་ཆེན། མ་དངུལ་འཇོག་པར་ཡིད་དབང་འགུགས་པའི་ཁྱབ་ཁོངས་གལ་ཆེན། དེ་བཞིན་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་འཕོ་འགྱུར་གསར་པ་དང་རྣམ་པ་གསར་པ་མངོན་པའི་སྐར་ཁུང་གལ་ཆེན་བཅས་སུ་གྱུར་ཡོད།
2014ལོ་ནས་བཟུང་། བོད་ཀྱིས་བོད་ལྗོངས་འགྲེམས་ཚོགས་ཀྱི་ངོ་མཚར་ཆེ་བའི་ཡུལ་སྐོར་རིག་གནས་ཀྱི་མིང་བྱང་དེ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་ཤེས་རྟོགས་ཐུབ་པར་བྱས་པ་དང་ཆབས་ཅིག འཛམ་གླིང་སྐྱེ་བོ་ཀུན་ལ་ཡིད་དབང་འཕྲོག་ཅིང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་དེང་རབས་བོད་དུ་ཐོན་ཟིན་པ་དང་ཐོན་མུས་ཡིན་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་བརྗོད་ཀྱི་ཡོད།
ལས་རིགས་ནང་ཁུལ་གྱི་མི་སྣས། བོད་དུ་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། རྒྱལ་ཡོངས་ཀྱི་ཁྱབ་འགྱེད་ནུས་པ། ས་ཁོངས་ཀྱི་སྐུལ་ཁྲིད་ནུས་པ་བཅས་ལྡན་པའི་ཡུལ་སྐོར་རིག་གནས་ཀྱི་རྩེར་སོན་འགྲེམས་སྟོན་དང་། སྒོ་དབྱེ་མཉམ་ལས། དཔལ་འབྱོར་ཚོང་དོན་སྤེལ་རེས། དྲིལ་བསྒྲགས་འོས་སྦྱོར་བཅས་ཀྱི་ལས་སྟེགས་ཧུར་ཐག་གཏོད་རྒྱུ་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་དེས་མི་རྣམས་ཀྱིས་བོད་ཀྱི་ཡུལ་སྐོར་རིག་གནས་ཤེས་རྟོགས་ཐུབ་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཐུབ་ལ། འཛམ་གླིང་ཡོངས་སུ་བོད་ཀྱི་ཡུལ་སྐོར་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་། འགྲན་རྩོད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཀྱང་ཆེ་རུ་ཕྱིན་ནས། འཛམ་གླིང་གིས་བོད་ཤེས་རྟོགས་ཐུབ་པ་དང་མི་དེ་བས་མང་བ་བོད་དུ་ཡོང་བ་མ་ཟད། བོད་འདི་ཉིད་དེ་བས་སྒོ་དབྱེ་རྣམ་པའི་ཐོག་ནས་འཛམ་གླིང་ལ་སྐྱོད་ཐུབ་ཅེས་བཤད།
འགྲེམས་སྟོན་གཞི་རྟེན་དུ་བྱས་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་པ།
འགྲེམས་སྟོན་ནི་བོད་ལྗོངས་འགྲེམས་ཚོགས་སྐབས་རིམ་བྱུང་གི་གྲུབ་ཆ་གལ་ཆེན་ཞིག་རེད།
“སྔོན་ལ་འབག་གི་མིག་དང་ཁའི་བཟོ་ལྟ་བཏོན་ནས་མཐའ་རྒྱན་བརྒྱབ་རྗེས་བཟོ་ལྟ་ལེགས་པར་འདོན་དགོས”ཞེས་བོད་ཀྱི་འབག་བཟོ་རྩལ་གྱི་རྒྱུན་འཛིན་པ་འཇམ་དབྱངས་ཡེ་ཤེས་ཀྱིས་ལག་ཏུ་ལྷ་མོའི་འབག་ཉར་ནས་ལྟ་སྐོར་བར་འབག་བཟོ་རྩལ་གྱི་རྩ་གནད་འགྲེལ་བཤད་བརྒྱབ། བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོའི་འགྲེམས་སྟོན་བྱ་ཡུལ་དུ་ལྟད་མོ་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་དབར་སྤེལ་རེས་ཟབ་མོ་བྱས་པ་རེད།
བོད་ཤོག་བཟོ་རྩལ་རྒྱུན་འཛིན་པ་བྱམས་པ་བརྩོན་འགྲུས་ཀྱིས་བོད་ལྗོངས་འགྲེམས་ཚོགས་ཀྱིས་ང་ཚོ་ལས་རིགས་གཅིག་པའི་དབར་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་ལས་སྟེགས་ཤིག་བཏོད་པ་མ་ཟད། ད་དུང་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོར་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ཁྱབ་གདལ་དེ་བས་ལེགས་པ་གཏོང་ཐུབ་ཀྱི་འདུག་ཅེས་དགའ་ཚོར་ཆེན་པོས་བཤད།
བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོའི་འགྲེམས་སྟོན་བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། དུས་ཐུང་ཉིན་13གྱི་ནང་རིག་གནས་གླིང་གིས་ཁྱོན་ལྟད་མོ་བ་མི་ཐེངས་ཁྲི་7.8ལ་སྣེ་ལེན་ཞུས་པ་དང་ས་གནས་ས་ཐོག་ཏུ་ཚོང་འགྲིག་ཚད་སྒོར་ཁྲི་600ལྷག་ཙམ་ཟིན་ཡོད་པ་རེད།
“ད་ཐེངས་ཀྱི་འགྲེམས་ཚོགས་དེ་ལས་ངས་ས་ཆ་གཅིག་ནས་བོད་ཀྱི་རིག་གནས་སྡེབ་གཅིག་ལ་ཤེས་རྟོགས་ཐུབ་བྱུང་བས་དངོས་འབྲེལ་ཡག་པོ་འདུག”ཅེས་ཨ་རིའི་པོ་ཧྲི་ཏུན་ནས་ཡོང་བའི་ཡུལ་སྐོར་བ་ཅི་མུའུ་བོད་ལྗོངས་འགྲེམས་ཚོགས་ལ་རྦད་དེ་ཡིད་དབང་འཕྲོག་བཞིན་དུ་དེ་ལྟར་བཤད། མ་གཞི་བོད་དུ་ལྟ་སྐོར་བྱེད་པའི་དུས་ཚོད་ཉིན་3ལས་མེད་མོད། འོན་ཀྱང་ཁོང་གིས་འགྲེམས་ཚོགས་ཀྱི་འགྲེམས་ཁང་དུ་ལྟ་སྐོར་བྱེད་བཞིན་དུ“ཐང་ག་དང་། པར་རིས། བརྐོས་དཀྲོལ་སོགས་སྲོལ་རྒྱུན་གྱི་བོད་པའི་ལག་ཤེས་བཟོ་རྩལ་དེ་དག་ལ་ང་དངོས་གནས་ཧང་སངས་སོང”ཞེས་བཤད།
དེ་དང་ཆབས་ཅིག བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོར་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མ་དངུལ་མཉམ་འདྲེས་དང་མཉམ་ལས་གསར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད། སྔ་རྗེས་སུ་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོ་བདེ་བླག་ངང་གཉེར་སྟངས་ཀྱི་རྨང་གཞིའི་ཐོག བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པས་རིག་གནས་རིགས་ཀྱི་འགྲེམས་སྟོན་བྱེད་སྐབས་འགྲེམས་ཁང་ཇུས་འགོད་ནས་འགྲེམས་རྫས་ལེགས་འདེམས་བྱེད་པའི་བར། བོད་ལྗོངས་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་རིག་གནས་ཀྱི་ནང་དོན་ཧུར་ཐག་མངོན་པར་བྱས་ཏེ་འགྲེམས་སྟོན་དང་། འཁྲབ་སྟོན། སྤྱན་གཟིགས། ཉམས་ལེན། ངོ་འཕྲད་གྲོས་མོལ། ཉོ་ཚོང་སོགས་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་པ་དང་། ཁེ་ལས་དང་ཚན་པ་45ཞུགས་ཡོད་ལ་འགྲེམས་ཚོགས་ནང་ཞུགས་མཁན་1500ལྷག་ཙམ་ཟིན་པ་དེ་བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོའི་གཞི་ཁྱོན་ལས་25%ཆེ་རུ་ཕྱིན་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་འགྲེམས་སྟོན་ནང་རིག་གནས་དང་། ཐོན་ལས། འཁྲབ་སྟོན་བཅས་ཁག་གསུམ་ལ་ཕྱེ་ནས་བརྙན་ལམ་དང་། པར་རིས། དངོས་རྫས། ས་གནས་ས་ཐོག་གི་སྒྱུ་རྩལ་ངོམ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་བོད་ཀྱི་རྣམ་པ་སྣ་ཚོགས་པའི་མི་ཆོས་ཀྱི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། ཐང་གའི་སྒྱུ་རྩལ་དང་། གཏེར་ཁའི(རྩི་ཤིང)ཚོན་བཟོ་བ། རྫ་ཆས་བཟོ་བའི་ལག་རྩལ་སོགས་ཀྱི་འགྲེམས་ཁུལ་དུ་ཚང་མས་སྤྲོ་སྣང་ཆེན་པོའི་ངང་ལྟ་སྐོར་བྱེད་ཀྱི་ཡོད།
2018ལོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་སྐབས། བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པ་འདི་ཉིད་བོད་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སའི་གཞི་རྟེན་དང་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག“བོད་ཀྱི་ཕྱག་རྟགས”དང་། “བོད་ཀྱི་ཞིམ་ཟས”“བོད་ཀྱི་ཁྱིམ་ཚང་མགྲོན་ཁང”“བོད་ཀྱི་འགྱུར་ཁུག”སོགས་ཁྱད་ལྡན་ནང་དོན་ཆེད་མངགས་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད“བོད་ཀྱི་ཕྱག་རྟགས”ནང་གཙོ་བོ་རང་བྱུང་འཐུང་ཆུ་དང་། ཐང་ག བོད་སྨན། སྤོས། བོད་རུམ། དཀར་ཡོལ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དང་རིག་གནས་ཐོན་རྫས་སོགས་འགྲེམས་ཚོང་བྱས་པ་དང་། “བོད་ཀྱི་ཞིམ་ཟས”ནང་གཙོ་བོ་བོད་ཀྱི་ཁྱད་ལྡན་ཞིམ་ཟས་འགྲེམས་ཚོང་བྱས་པ། “བོད་ཀྱི་ཁྱིམ་ཚང་མགྲོན་ཁང”ནང་གཙོ་བོ་གྲོང་གསེབ་ཡུལ་སྐོར་གྱི་སྤུས་དག་ཉམས་ལེན་སོགས་ཀྱི་བྱེད་སྒོ་མངོན་པར་བྱས་པ། “བོད་ཀྱི་འགྱུར་ཁུག”ནང་གཙོ་བོ་ཡུལ་སྐོར་རིག་གནས་ཀྱི་རོལ་དབྱངས་དུས་ཆེན་དང་ལྷ་མོ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།
ཚོང་འགུགས་མ་འདྲེན་གྱིས་སྣེ་ཁྲིད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ཚོང་འགུགས་མ་འདྲེན་ནི་བོད་ལྗོངས་འགྲེམས་ཚོགས་སྐབས་རིམ་བྱུང་གི་ནང་དོན་གཙོ་བོའི་གྲས་ཤིག་ཡིན་ཞིང་། བོད་ལྗོངས་འགྲེམས་ཚོགས་སྐབས་རིམ་བྱུང་གི་སྒྲིག་འཛུགས་ཨུ་ལྷན་གྱིས་ཐབས་ལམ་སྣ་ཚོགས་དང་བྱེད་ཐབས་སྣ་ཚོགས་སྤྱད་ནས། ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་ཏེ་དཔལ་འབྱོར་ངོ་འཕྲད་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་མང་པོ་ཞིག་གིས་བོད་དུ་ལས་དར་དང་གཉིས་ཕན་ཡོང་བར་བྱས་ནས་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་སྐྱོད་པར་རམ་འདེགས་བྱས་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོས་ས་ཁོངས་དཔལ་འབྱོར་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་གྱི་འཕེལ་རྒྱས་ལས་སྟེགས་བཏོད་ནས། ཐབས་ལམ་སྣ་ཚོགས་དང་རྣམ་པ་སྣ་ཚོགས་བརྒྱུད་ཚོང་འགུགས་མ་འདྲེན་བྱས་ཏེ་དཔལ་འབྱོར་མཉམ་ལས་རྣམ་གྲངས་ཁག་ཁྱོན་33ལ་མིང་རྟགས་བཀོད་པ་དང་མ་དངུལ་ཁྱོན་སྒོར་དུང་ཕྱུར་387བཏང་ཡོད། གན་འཇོག་རྣམ་གྲངས་དེ་དག་གཙོ་བོ་ས་མཐོའི་འཐུང་ཆུ་དང་། ཁྱད་ལྡན་གཏེར་ཁའི་ཐོན་ལས། ཁྱད་ལྡན་སྐྱེ་དངོས་ཚན་རྩལ། ཁྱད་ལྡན་ཡུལ་སྐོར། ཞིང་ལས་ཐོན་ལས་སོགས་ཁྱབ་ཁོངས་སུ་གཅིག་སྡུད་བྱས་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་པའི་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་756.5བཏང་ཞིང་། དེའི་ནང་ཡུལ་སྐོར་དང་། རིག་གནས། བཟོ་སྐྲུན་ལས་རིགས། རང་བྱུང་གཏེར་ཆུ། ཞིང་ཞོར་ཐོན་རྫས་འདེབས་འཛུགས་དང་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གཙང་མ། དངུལ་རྩའི་བློ་འདྲིའི་ཞབས་ཞུའི་ཁྱབ་ཁོངས་བཅས་ཚུད་ཡོད། དེ་བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོ་དང་བསྡུར་ན་མ་དངུལ་བསྡོམས་འབོར་95%འཕར་ཡོད་པ་མ་ཟད། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་ཀྱི་གྲངས་འབོར་དང་སྤུས་ཚད་གང་ཅིའི་ཐད་ནས་ཀྱང་ཚད་བརྒལ་གསར་པ་བྱུང་ནས། རྣམ་གྲངས་ལེགས་པ་དང་། དོན་འཁྱོལ་རང་བཞིན་ཆེ་བ། འཕར་ཚད་མཐོ་བ། བརྗོད་དོན་གཙོ་བོ་དང་དམ་པོར་འབྲེལ་བ། གདམ་གའི་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པར་མང་ཚོགས་ཞུགས་ཚད་དང་། སྤྱི་ཚོགས་ཕྱོགས་ཁག་ཞུགས་ཚད། ཚོང་འགུགས་མ་འདྲེན་གྱི་སྤྱི་འབོར་བཅས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས། མ་འཇོག་རྣམ་གྲངས་ཁག་146ལ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་དུང་ཕྱུར་1084.3གཏོང་རྒྱུའི་གྲོས་མཐུན་བཞག་པ་དང་། གཙོ་གནད་རྣམ་གྲངས་ཁག་16ལ་མིང་རྟགས་བཀོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་100ཙམ་བཏང་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་ཆུང་གི་གན་འཇོག་རྣམ་གྲངས་ཁག་108ཡོད་པ་དང་གན་འཇོག་མ་དངུལ་སྒོར་དུང་ཕྱུར་540.82ཟིན་ཡོད། ཐེངས་དེའི་གན་འཇོག་རྣམ་གྲངས་ཀྱི་མ་འཇོག་བྱེད་པོའི་ནང་ཀྲུང་དབྱང་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་མ་འཇོག་བྱེད་པོ་ཁག་3ཚུད་ཡོད་པ་དང་། ཐོན་ལས་རིགས་ནང་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མའི་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ཐོན་ལས། མཐོ་གསར་གྲངས་འཛིན་ཐོན་ལས་སོགས་ཚུད་ཡོད།
སྐྱིད་སྣང་དོད་པའི་དུས་འདིར་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་འཚོག་ཉེར་ཡོད། བོད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཚོ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་སྤྲོ་བས་རོལ་བར་གདན་ཞུ་བྱས་ནས། རྒྱང་ལམ་གསར་པ་མཉམ་དུ་གཏོད་པ་དང་། བྱེད་སྒོ་གཟབ་རྒྱས་མཉམ་དུ་སྤེལ་བ། འཕེལ་རྒྱས་ཀྱི་རྒྱལ་ཁ་མཉམ་དུ་ལེན་པ། འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་བྱེད་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣