ད་ལོའི་བོད་ལྗོངས་འགྲེམས་ཚོགས་ངོ་མ་ལྟད་མོ་ཆེན་པོ་ཡོད་ས་རེད།
ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་2023ལོའི་ཟླ་6ཚེས་16ནས་18ཉིན་བར་ལྷ་སར་གཉེར་རྒྱུ་ཡིན་ཞིང་། “བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། གཙོ་བོ་བྱེད་སྒོ་ཁག་8ལས་གྲུབ་ཡོད།
སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་བཀྲག་མདངས་འཚེར་ས་གང་ཡོད་དམ། འགྲེམས་ཁང་གཙོ་བོར་འགྲེམས་སྟོན་གང་ཡོད་དམ། ཐོན་རྫས་འགྲེམས་ཚོང་ལ་ཁེ་ལས་ག་ཚོད་ཞུགས་ཡོད་དམ། ཐོན་རྫས་གང་དག་འགྲེམས་སྟོན་བྱེད་ཀྱི་ཡོད་དམ་ཞེ་ན།
འགྲེམས་ཁང་གཙོ་བོ།
བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་ཁང་གཙོ་བོར“འཛུགས་གཏོད་བཞི”ནང་དོན་གཙོ་བོར་བྱས་ནས་འགྲེམས་ཁུལ་17འཛུགས་ཀྱི་ཡོད།
བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པར་མཉམ་འགུལ་རང་བཞིན་དང་མྱོང་ཚོར་ཟབ་མོ་ལྡན་པའི་རྟོག་བཟོའི་དྲ་ཐོག་འགྲེམས་ཁང་ཞིག་བསྐྲུན་པར་དུས་ཚོད་དང་བར་མཐོངས་ཀྱི་ཚད་བཀག་མེད་པས། ལྟད་མོ་བས་ཁྱིམ་ནས་འགྲེམས་ཚོགས་ལྟ་ཐུབ་ཀྱི་ཡོད།
ཐོན་རྫས་འགྲེམས་ཚོང་།
སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཐོན་རྫས་འགྲེམས་ཚོང་ཐད་སྲོལ་རྒྱུན་དང་རྩེར་སོན་འབུར་ཐོན་དང་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་འགྲེམས་སྟོན་གྱི་འདུ་ཤེས་མངོན་གསལ་དོད་པོ་ཡོད་པ་དང་། འགྲེམས་ཁུལ་9ལ་ཁྱོན་འགྲེམས་སྟེགས་253བཀོད་སྒྲིག་བྱས་ཡོད།
རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་612འགྲེམས་ཚོགས་ལ་ཞུགས་ཀྱི་ཡོད་པ་དང་སྐབས་གོང་མའི་བོད་ལྗོངས་འགྲེམས་ཚོགས་ལས་ཁེ་ལས་372ཀྱིས་མང་བ་ཡོད།
ཐེ་ལན་དང་། ཁམ་ཕུ་ཁྲེ། ནེ་པ་ལ། འབྲུག་ཡུལ་སོགས་རྒྱལ་ཁབ་16གི་ཁེ་ལས་75ཡིས་ཚོགས་སྒྲིག་རྣམ་པའི་སྒོ་ནས་འགྲེམས་སྟོན་ལ་ཞུགས་ཀྱི་ཡོད་པ་དང་། འགྲེམས་སྟོན་ལ་ཞུགས་མཁན་གྱི་རྒྱལ་ཁབ་སྐབས་གོང་མ་ལས་6གིས་མང་བ་ཡོད། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་15ཡི་ཁེ་ལས་64གདན་ཞུས་ལྟར་ཞུགས་ཀྱི་ཡོད་པ་དང་ལྗོངས་ནང་ཁུལ་གྱི་ཁེ་ལས་473འགྲེམས་སྟོན་ལ་ཞུགས་ཀྱི་ཡོད། འགྲེམས་ཞུགས་ཐོན་རྫས་ལ་གློག་རྡུལ་འཛད་རྫས་དང་། ལག་ཤེས་ཐོན་རྫས། ཡུལ་ཟོག་སོགས་སྣ་ཁ་19ཡི་ཐོན་རྫས་རིགས་ཁྲི་ལྷག་ཡོད།
ཚོང་འགུགས་མ་འདྲེན།
2023ལོའི་ཟླ་5ཚེས་11ཉིན་བར་གན་རྒྱ་འཇོག་རྩིས་ཡོད་པའི་རྣམ་གྲངས་52དང་། སྔོན་དཔག་བྱས་ན་དངུལ་འབོར་སྒོར་དུང་ཕྱུར་365ཟིན་ཀྱི་ཡོད།
བཀྲག་མདངས་འཚེར་ས།
སྐབས་གོང་མའི་བོད་ལྗོངས་འགྲེམས་ཚོགས་དང་བསྡུར་ཚེ། ད་ཐེངས་ཀྱི་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ཚད་གནས་མཐོ་བ་དང་། ལག་རྩལ་འདུས་ཚད་མང་བ། སྒོ་དབྱེ་བྱེད་ཤུགས་ཆེ་བ་སོགས་ཡོད།
སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་འགྲེམས་སྟོན་བྱེད་སྟངས་ཐོག་མར་སྤྱོད་རྒྱུ་དང་དྲ་ཐོག་ཏུ་བོད་ལྗོངས་འགྲེམས་ཚོགས་ཀྱི་སྟེགས་བུ་བཏོད་པར“ཚོགས་དོན་དོ་དམ”དང་། “སྤྲིན་ཚོམ་བོད་ལྗོངས་འགྲེམས་ཚོགས” “མཉམ་འགུལ་ཉམས་ལེན” “VRའགྲེམས་སྐོར”བཅས་ཁག་བཞི་ཡོད་པ་དང་། རིག་ལྡན་གཞི་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རང་ལྗོངས་སུ་ལྗང་མདོག་གྲངས་འཛིན་ཆེ་མོ་ལྟེ་གནས་དང“ས་མཐོའི་དམར་མདངས”ཀྱི་རྩིས་འཁོར་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་གཅིག་གྱུར་འགྲེམས་སྟོན་བྱེད་རྒྱུ་རེད།