དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • ཚིག་མཛོད་རྩེ་གྲ་ཞིག་དོན་འདུག ཁྱེད་རང་གིས་གཟིགས་བྱུང་ངམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-05-29
      • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་དང་བསུ་བ་ཞུ་ཆེད། སྤྱི་ལོ་2023ལོའི་ཟླ་3པའི་ཚེས་22ཉིན། བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང༼རྩོམ་སྒྱུར་ཅུད༽གིས་ལྷ་སར་བོད་ལྗོངས་ཀྱི་རྫོང་དང་ཆུས་74ཡི་རྩོམ་སྒྱུར་ཅུད་ལ་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་གཙོ་གནད་དཔེ་སྐྲུན་དངོས་པོ་དཔར་སྐྲུན་བྱེད་པའི་འཆར་འགོད་རྣམ་གྲངས་ཀྱི་ཁོངས་གཏོགས《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》སྤྲད་པ་རེད།  

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ལོ་2021ལོའི་ཟླ་8པར་འཚོགས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་ཁག་གི་སྐད་ཡིག་སྲུང་སྐྱོབ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་ཞེས་གསུངས་གནང་བ་རེད།  མི་རིགས་སྐད་ཡིག་ལས་དོན་སྔར་ལས་ལེགས་པ་སྒྲུབ་པ་དང་། ཚན་རྩལ་མིང་ཚིག་དང་ཚིག་གསར་བོད་སྐད་ལ་སྒྱུར་སྐབས་ཚད་ལྡན་གཅིག་གྱུར་ཡོང་བ་དང་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རྩལ་རིག་གནས་བྱང་ཚད་དང་སྐད་བརྡའི་ནུས་པ་མཐོ་རུ་འགྲོ་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་སྐད་ཨུད་གཞུང་ལས་ཁང་༼རྩོམ་སྒྱུར་ཅུད༽གིས《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》རྩོམ་སྒྲིག་དང་། ཡིག་སྒྱུར། ཞུ་དག དཔེ་སྐྲུན་བཅས་ཀྱི་ལས་དོན་ཐུགས་གྲ་ལེགས་འགྲིག་ཡོང་བ་བྱས་ཡོད།  

        《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》ཡི་གཙོ་སྒྲིག་པ་འཇམ་དབྱངས་ཆོས་རྒྱལ་གྱིས་ངོ་སྤྲོད་གནང་དོན། ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་དོན་འགོ་བཙུགས་ཚུན། བོད་རང་སྐྱོང་ལྗོངས་སྐད་ཨུད་གཞུང་ལས་ཁང༼རྩོམ་སྒྱུར་ཅུད༽གིས་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་དང་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཚན་རྩལ་མིང་ཚིག་ཞུ་དག་གཏན་འཁེལ་ཨུ་ལྷན་གྱིས་གཏན་འཁེལ་ཁྱབ་བསྒྲགས་གནང་བ་མ་ཟད་མཁོ་འདོན་གནང་བའི་རིག་ཚན་བརྒྱ་ལྷག་ཁྲོད། རྒྱུ་ཆ་དང་། ཐིག་རིས། ས་ཁམས། གློག་ལས། གློག་ཤུགས། གཞུང་ལམ། རྩིས་འཁོར་ཚན་རྩལ། འཛུགས་སྐྲུན་སྐྱེད་ཚལ་དང་གྲོང་ཁྱེར་འཆར་འགོད། རྩི་ཤིང་། ཐོན་ཁུངས་སོགས་རིག་ཚན་23གྱི་ཆེད་ལས་མིང་ཚིག་དང་ཐ་སྙད་ཁྲི་10ལྷག་བདམས་ཏེ། ལོ་ཙྰ་བ་སྒྲིག་འཛུགས་ཀྱིས་ཡིག་སྒྱུར་དང་ཞུ་དག་གང་ལེགས་གནང་བ་བརྒྱུད། མཐར《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》ལེགས་སྒྲུབ་ཞུས་ཡོད། དེས་ད་ཡོད་ཀྱི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་ཕྱོགས་བསྡུས་རྣམ་པའི་ཚན་རྩལ་མིང་ཚིག་དང་ཐ་སྙད་ཤན་སྦྱར་ཚིག་མཛོད་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།

        འཇམ་དབྱངས་ཆོས་རྒྱལ་གྱིས།  《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》དཔེ་སྐྲུན་འགྲེམས་སྤེལ་བྱེད་དོན་ནི། གཞི་རིམ་མང་ཚོགས་ཀྱིས་སྐད་གཉིས་སློབ་སྦྱོང་དང་ཚན་རྩལ་ཤེས་བྱ་དེ་བས་མང་བ་དང་ལེན་བྱེད་པར་སྐུལ་འདེད་དང་། རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་བོད་སྐད་ཐ་སྙད་རྒྱུན་ཆད་མེད་པར་གསོག་འཇོག་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བོད་ལྗོངས་དང་བོད་འབྲེལ་ས་ཁུལ་གྱི་ཚན་རྩལ་བྱ་གཞག་གོང་འཕེལ་དང་ཚན་རྩལ་བཀོལ་སྤྱོད། རིག་ཚན་དང་ལས་རིགས་བར་གྱི་འབྲེལ་གཏུག་སོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཆེད་ཡིན་ཞེས་གསུངས།  

        ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རྩལ་མིང་ཚིག་བོད་ཡིག་ལ་སྒྱུར་སྐབས་ཚན་རིག་རང་བཞིན་དང་། ཆེད་ལས་རང་བཞིན། ཚད་ལྡན་རང་བཞིན། གཅིག་གྱུར་རང་བཞིན་བཅས་ཡོང་ཆེད། ཚིག་མཛོད་ཆེན་མོའི་ལོ་ཙྰ་དང་ཐོག་མའི་ཞུ་དག་ལས་དོན་ལེགས་པར་བསྒྲུབས་པའི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང༼རྩོམ་སྒྱུར་ཅུད༽གི་རྩོམ་སྒྱུར་བས་དག་བཅོས་ནན་ཏན་གནང་ཁར། པེ་ཅིང་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ནས་རྒྱ་བོད་ལོ་ཙྰའི་མཁས་དབང་གདན་དྲངས་ཏེ། དག་བཅོས་གནང་ནས་བསླབ་གཞི་ཚུད་པའི་རྒྱལ་ནང་གི་ཡིག་སྒྱུར་ཟིན་ནས་ཡོངས་བསྒྲགས་ཞུས་པའི་ཚན་རྩལ་བོད་ཡིག་ཐ་སྙད་ཚད་ལྡན་བཟོས་པ་ཁག་དང་གཅིག་གྱུར་ཡོང་གང་ཐུབ་ཞུས་པ་དེས་ཚན་རྩལ་ཆེད་ལས་མིང་ཚིག་བོད་ཡིག་ལ་ཕབ་སྒྱུར་བྱེད་སྐབས་ཚད་ལྡན་གཅིག་གྱུར་དང་ཁྱབ་གདལ་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་པ་རེད།  

        --    --

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།