དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ཁོང་རྣམ་པར་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-05-29
      • བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་4ཚེས་23ཉིན། 2023ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད།  

        བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པར་དར་ཚོན་སྣ་ལྔ་དང་། ཤིང་འབྲས། གྲྭ་གཟན། སྐུ་འགྱེད་སོགས་གནང་བ་རེད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཤིས་ཚིག་བསྒྲོན་པ་དང་ཆབས་ཅིག ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་ཚབ་ཞུས་ནས་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པར་མཇལ་དར་བསྒྲོན་པ་དང་མཚན་གནས་ལག་ཁྱེར་གནང་བ་རེད། ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་འཁུར་བས་དམ་བཅའ་འཇོག་མཁན་གྱི་དགེ་འདུན་པར་སྐུ་འགྱེད་གནང་བ་རེད།

        དམ་བཅའ་འཇོག་རིང་། རྒྱུགས་འབུལ་དགེ་འདུན་པས་གཞུང་ཆེན་བཀའ་པོད་ལྔ་དང་འབྲེལ་བའི་ནང་དོན་ལ་གཞིགས་ནས་རྟགས་གསལ་བཏང་གནང་བ་རེད། དཔྱད་ཞིབ་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། སེ་ར་དགོན་གྱི་དགེ་འདུན་པ་ཚུལ་ཁྲིམས་རྒྱལ་མཚན་ལ་ཨང་དང་པོ་ཐོབ་པ་དང་། བཀྲས་ལྷུན་དགོན་གྱི་དགེ་འདུན་པ་བློ་བཟང་དཔལ་ལྡན་ཆོས་གྲགས་ལ་ཨང་གཉིས་པ་ཐོབ་པ། ཆབ་མདོ་དབྱེན་འདུམ་དགོན་གྱི་དགེ་འདུན་པ་བློ་བཟང་བཀྲ་ཤིས་ལ་ཨང་གསུམ་པ་ཐོབ་པ། ཆབ་མདོ་དཔའ་ཤོད་དགོན་གྱི་དགེ་འདུན་པ་བློ་བཟང་དར་རྒྱས་ལ་ཨང་བཞི་པ་ཐོབ་པ། ཆབ་མདོ་བྱམས་ཁང་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་ལྡན་ལ་ཨང་ལྔ་པ་ཐོབ་པ། དེ་བྱིངས་ཀྱི་རྒྱུགས་འབུལ་དགེ་འདུན་པ་8པོར་ཨང་དྲུག་པ་ནས་བཅུ་གསུམ་པའི་བར་གྱི་མཚན་གནས་ཐོབ་ཡོད་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཀྱི་དབྱར་དུས་ཀྱི་སྔོན་རྒྱུགས་2022ལོའི་ཟླ་7པར་དགའ་ལྡན་དགོན་དུ་ཐུགས་གྲ་ལེགས་སྒྲིག་བྱུང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།