དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • དགའ་ཞེན་དང་ཕུགས་འདུན་དོན་དུ་འབད་འབུངས་བྱེད་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29
      • འདི་ནི་བདེ་སྒྲོལ་གྱིས་བོད་ལྗོངས་སློབ་ཆེན་ཕུགས་འདུན་མངོན་འགྱུར་གྱི་སྐྱོང་གསོ་རྟེན་གཞིར་བོད་ཀྱི་ས་གནས་ཁག་གི་སྲོལ་རྒྱུན་རྒྱན་གོས་རིག་གནས་འགྲེམས་སྟོན་ཁང་བཙུགས་པ།

        “ལྔ་གཅིག”གུང་གསེང་རིང་བདེ་སྒྲོལ་གྱིས་ལྷ་ས་གྲོང་ཁྱེར་དགའ་སྐྱིད་གླིང་ཐང་ཆེན་དུ་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཁྱད་ལྡན་མི་རིགས་གྱོན་ཆས་འགྲེམས་སྟོན་བྱས་པ་དང་། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སྤུས་དག་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཟུང་འབྲེལ་དམ་ཟབ་བྱས་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ངོ་མཚར་གང་ལེགས་མངོན་པར་བྱས་ཏེ། མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཤིང་། ཐེངས་འདིའི་གྱོན་ཆས་འགྲེམས་སྟོན་གྱིས་ལྟད་མོ་བ་མི་ཐེངས་ཁྲི་20ལྷག་ཙམ་གྱི་ཡིད་དབང་འཕྲོག་པ་རེད། “ཡུལ་སྐོར་པར་ལེན་ལས་རིགས་དར་བ་དང་ཆབས་ཅིག་ཡུལ་སྐོར་བས་བོད་ཆས་སྤྲས་ནས་པར་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཁག་གཅིག་ཏུ་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁྱད་ཆོས་ལྡན་པའི་རྒྱན་གོས་དང་བོད་ཆས་གང་བྱུང་དུ་གྱོན་པའི་སྣང་ཚུལ་སྣ་ཚོགས་མཐོང་རྒྱུ་འདུག ང་ཚོས་ཐེངས་འདིའི་འགྲེམས་སྟོན་བརྒྱུད་ང་ཚོའི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁྱད་ཆོས་ལྡན་པའི་བོད་ཆས་དང་རྒྱན་གོས་ཇི་མ་ཇི་བཞིན་མངོན་པར་བྱས་ནས། གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་པོས་ང་ཚོའི་སྲོལ་རྒྱུན་གྱི་བོད་ཆས་དང་རྒྱན་གོས་རིག་གནས་ལ་ཤེས་རྟོགས་གཏིང་ཟབ་ཡོང་བར་བྱེད་ཀྱི་ཡོད”ཅེས་བདེ་སྒྲོལ་གྱིས་རང་ཉིད་ཀྱི་ཐོག་མའི་བསམ་ཚུལ་བཤད།

        འདི་ནི་བདེ་སྒྲོལ་གྱིས་བོད་རིགས་ཀྱི་སྲོལ་རྒྱུན་མགོ་རྒྱན་བཟོ་བཞིན་པ།

        བདེ་སྒྲོལ་ནི་སྒྱུ་རྩལ་གྱི་ལྷན་སྐྱེས་ཤེས་རབ་བཀྲ་བའི་བོད་རིགས་བུ་མོ་ཞིག་ཡིན་པ་དང་། ཁོང་དང་སྒྱུ་རྩལ་དབར་གྱི་ལས་འབྲེལ་བརྗོད་པར་ཁོང་གི་ཁྱིམ་ཚང་ནས་གླེང་དགོས།

        བདེ་སྒྲོལ་གྱི་ཕ་མཱ་ཞུའེ་ཀུང་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་དེ་སྔའི་ཚོགས་གཙོ་གཞོན་པ་ཡིན་པ་དང་། ཧྲང་ཧའེ་ཟློས་གར་སློབ་གླིང་ནས་སློབ་མཐར་ཕྱིན། རྒྱལ་ཁབ་ཀྱི་མཐོ་རིམ་མཛེས་རྩལ་ཇུས་འགོད་ཆེ་མོ་བ་དང་ལྗོངས་ཡོངས་ཀྱི“གཅིག་རེ་ལྔའི”ཤེས་ལྡན་མི་སྣའི་གྲས་ཡིན། མ་ཚེ་རིང་སྒྲོལ་དཀར་ཀྲུང་དབྱང་ཟློས་གར་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་རྒྱལ་ཁབ་ཀྱི་མཐོ་རིམ་བཟོ་བཀོད་ཆེ་མོ་བ་ཡིན། ཁོང་ཚོ་པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི“བོད་ལྗོངས་གཟབ་རྒྱན་མོ་ཊ”ཇུས་འགོད་དང་། ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི“བོད་ལྗོངས་གཟའ་འཁོར”བྱེད་སྒོའི་འགྲེམས་ཁང་གི་མཛེས་རྩལ་སྤྱིའི་འཆར་འགོད། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རིག་རྩལ་མཚན་ཚོགས་སྣ་ཚོགས་དང་། བོད་ཀྱི་དངོས་མཚོན་པར་གཞི་སྣ་ཚོགས། ལྷ་མོ། གློག་བརྙན། རྒྱུན་མཐུད་འཁྲབ་ཚན་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོའི་གར་སྟེགས་མཛེས་རྩལ་དང་། མི་སྣའི་བཟོ་ལྟ། གྱོན་ཆས་ཇུས་འགོད་སོགས་ཇུས་འགོད་དང་གསར་གཏོད་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་མྱོང་ཡོད་ལ། རྒྱལ་ཁབ་རིམ་པའི་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་ཡོད། དེར་བརྟེན་ཆུང་དུས་ནས་ཕ་མའི་ཤུགས་རྐྱེན་བཟང་པོའི་འོག་བདེ་སྒྲོལ་ལ་རྒྱན་གོས་ཇུས་འགོད་དང་། མི་སྣའི་མཛེས་འཆོས། མི་སྣའི་བཟོ་ལྟ་སོགས་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་ཡོད།

        འདི་ནི་བདེ་སྒྲོལ་གྱིས《ཉི་འོད་གྲོང་ཁྱེར》འཁྲབ་ཚན་ཚོགས་ཆུང་གི་རྒྱན་གོས་མངག་ཉོར་ཞབས་འདེགས་ཞུ་བ།

        མཐོ་རིམ་སློབ་འབྲིང་ཐོན་རྗེས་རང་ཉིད་ཀྱི་ཕྱོཌ་གང་ཅིའི་འཇོན་ཐང་ཆེ་རུ་གཏོང་ཆེད། བདེ་སྒྲོལ་གྱིས་ཀྲུང་དབྱང་ཟློས་གར་སློབ་གླིང་དུ་ཟློས་གར་མི་སྣའི་བཟོ་དབྱིབས་ཇུས་འགོད་སློབ་སྦྱོང་བྱས་པ་མ་ཟད། པེ་ཅིང་གི་སློབ་གྲྭ་དང་སྒྲིག་གཞི་ཁག་གཅིག་ཏུ་གློག་བརྙན་དང་བརྙན་འཕྲིན་མི་སྣའི་མཛེས་འཆོས་དང་། དར་བཟོའི་མཛེས་འཆོས་དང་བཟོ་དབྱིབས་སློབ་སྦྱོང་ཡང་བྱས་པ་རེད། མི་སྣའི་མཛེས་འཆོས་དང་གྱོན་གོས་འཆར་འགོད་སོཌ་ཀྱི་ཆེད་ལས་ལག་རྩལ་སྔར་བས་ཁོང་དུ་ཆུད་པར་བྱ་ཆེད། བདེ་སྒྲོལ་གྱིས་སྔ་རྗེས་སུ་གཟུགས་བརྙན་ཇུས་འགོད་དང་མཛེས་འཆོས་ལས་རིགས་ཀྱི་དགེ་རྒན་ཕུལ་བྱུང་བའི་ཞབས་ལ་གཏུགས་ནས་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་བཏང་བ་མ་ཟད། དེང་སྐབས་ཀྱི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་མི་སྣའི་མཛེས་འཆོས་ལས་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་ཁོང་དུ་ཆུད་པར་བྱས།

        2018ལོར་བདེ་སྒྲོལ་གྱིས་ལྷ་སར་བོད་ལྗོངས་འོད་ཟེར་རིག་གནས་ཡུལ་སྐོར་བསམ་བཀོད་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཙུགས་ནས་བོད་ལྗོངས་སློབ་ཆེན་ཕུགས་འདུན་མངོན་འགྱུར་གྱི་སྐྱོང་གསོ་རྟེན་གཞིར་བཅའ་སྡོད་བྱས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་སྙིང་པོ་དང་ནང་དོན་སྔོག་འདོན་གཏིང་ཟབ་བྱས་པ་མ་ཟད། དེང་རབས་ཀྱི་བྱེད་ཐབས་སྤྱད་ནས་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་པར་བྱས། མིག་སྔར་ཀུང་སི་དེས་མི་100ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་འབྲེལ། བོད་ལྗོངས་སློབ་ཆེན་གྱི་སློབ་མར་ལས་སློབ་གཉིས་བརྩོན་གྱི་ལས་གནས་ཀྱང་མཁོ་འདོན་བྱས་པ་རེད།

        ཁོང་གི་ཀུང་སི་བཙུགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཆེན་པོ་བྱུང་བའི་དཔང་པོ་རེད། དེར་ཁོང་བློ་ཡིད་ཚིམ་པོ་བྱུང་བ་མ་ཟད། ཁོང་ལ་མུ་མཐུད་འབད་འཐབ་བྱེད་པའི་སྟོབས་ཤུགས་ཀྱང་སྦྱིན་ཡོད། བདེ་སྒྲོལ་གྱིས་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་མི་དེ་བས་མང་བས་བོད་ཀྱི་ཐུན་མོང་མ་ཡིན་པ་དང་ནང་དོན་གཏིང་ཟབ་པའི་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་བཞིན་མཆིས།

        འདི་ནི་བདེ་སྒྲོལ་གྱིས་གློག་བརྙན་འཁྲབ་སྟོན་པར་མཛེས་བཟོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།