དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • བཟོ་བོའི་ལག་ཤེས་རྒྱུན་འཛིན་ཧུར་ཐག་བྱེད། འཆམ་འབག་རིག་གནས་མི་ཉམས་གོང་དུ་སྤེལ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2023-05-29
      • ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་བོད་ཁྱིམ་སྒོ་ར་ཞིག་གི་ནང་དུ་འཛུལ་སྐབས། བློ་བཟང་བག་གྲོས་འབག་སྨྱུག་ཚོན་སྨོག་ནས་བློ་རྩེ་གཅིག་སྒྲིམ་གྱིས་སྲོལ་རྒྱུན་ལྷ་མོའི་འབག་བཟོ་བཞིན་མཆིས། ཁོང་དང་མི་རིང་བའི་སར་དགེ་ཕྲུག་དངོས་གྲུབ་ཀྱིས་གཡོས་ཟིན་པའི་འདམ་བག་ལ་འབག་གི་བཟོ་ལྟ་རགས་ཙམ་ཞིག་བཟོས།

        བློ་བཟང་བག་གྲོས་དྲན་རྟེན་པར་རྒྱག་བཞིན་པ།

        ལོ་43ལ་སླེབས་པའི་བློ་བཟང་བག་གྲོ་ནི་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོའི་ཚོགས་ཆུང་5པའི་གྲོང་མི་ཡིན་ཞིང་། 2019ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་པ་རེད། ཁོང་གིས་བཟོས་པའི་རས་འབག་སྟོད་ལུང་ཆུས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སུ་བདམས་པ་དང་། 2022ལོར་སྟོད་ལུང་རས་འབག་བཟོ་རྩལ་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་པའི་དཔེ་མཚོན་རྣམ་གྲངས་ལ་བདམས་པ་རེད།

        བོད་དུ་འབག་ནི་གཙོ་བོ་དམངས་ཁྲོད་ཀྱི་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་ལ་སྤྱོད་ཅིང་། མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་། ངལ་རྩོལ། རོལ་རྩེད་བཅས་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། བོད་ཀྱི་ས་ཆ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད།

        བློ་བཟང་བག་གྲོ་དང་དགེ་ཕྲུག་དངོས་གྲུབ་ཀྱིས་འཇིམ་སྐུ་ཇི་ལྟར་བཞེངས་པའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

        བོད་ཀྱི་འབག་ནི་ཆོས་ལུགས་གྲུབ་མཐའི་སྒྱུ་རྩལ་གྱི་ཁྲོད་ནས་ཐོན་པའི་བཟོ་རྩལ་ཐོན་རྫས་ཤིག་ཡིན་ཞིང་། སྤྱིར་ཆོས་ལུགས་སམ་ཡང་ན་འཆམ་གྱི་འབག་དང་། ལྷ་མོའི་འབག དམངས་ཁྲོད་ཀྱི་གླུ་གར་དང་གཞས་མ་གཏམ་གྱི་འབག་བཅས་ཁག་གསུམ་ལ་ཕྱེ་ཡོད། ས་ཁོངས་ཀྱི་ཁྱད་པར་དང་སྤྱོད་གོ་མི་འདྲ་བའི་དབང་གིས་བོད་ཀྱི་འབག་ལ་བཟོ་ལྟ་འདྲ་མིན་སྣ་ཚོགས་དང་ཁྱད་པར་ཆེན་པོ་ཡོད།

        བོད་དུ་ཆོས་ལུགས་ཀྱི་ཆོ་ག་དང་། སྲོལ་རྒྱུན་གྱི་ཟློས་གར། ཡང་ན་དམངས་ཁྲོད་ཀྱི་གླུ་གར་བཅས་གང་ཞིག་སྤེལ་རུང་། ཚང་མར་འབག་དགོས་ཀྱི་ཡོད། བོད་ཀྱི་ཐུན་མོང་མིན་པའི་མི་ཆོས་རིག་གནས་ཀྱི་ཁོར་ཡུག་དང་། དམངས་སྲོལ་གོམས་གཤིས། དེ་བཞིན་ཆོས་དད་བཅས་ཀྱི་དབང་གིས་བོད་ཀྱི་འབག་གི་སྒྱུ་རྩལ་ལ་མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་དམིགས་བསལ་གྱི་མཚོན་ཚུལ་ལྡན་ཡོད་པས། དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ནས་ཐོན་པའི་དམིགས་བསལ་གྱི་རིག་གནས་ཐོན་དངོས་ཤིག་རེད།

        བློ་བཟང་བག་གྲོས་བཟོས་པའི་རིག་གནས་ཐོན་རྫས་ཀྱི་རས་འབག

        འཆམ་འབག་ནི་བོད་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། དམངས་ཁྲོད་ཀྱི་གླུ་གར་འཁྲབ་སྟོན་ལས་འཆམ་འབག་ཐོག་མར་དར་ཡོད། བཤད་སྲོལ་ལ་བོད་ཀྱི་འཆམ་འབག་གི་ལོ་རྒྱུས་ནི་བོད་རིགས་ཀྱི་གདོད་མའི་ཆོས་ལུགས་མཛད་སྒོའི་ཁྲོད་འཆམ་འབག་གྱོན་པའི་སྲོག་ཆགས་ཀྱི་གདོད་མའི་མཚོན་ཆོས་ཞབས་བྲོ་ལས་བྱུང་བ་ཞིག་རེད། སྲོང་བཙན་སྒམ་པོའི་སྐུ་དུས་སུ་འཆམ་འབག་རིག་གནས་གར་སྟེགས་སུ་ཐོན་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་འཆམ་འབག་སྒྱུ་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་སྤྱི་ལོའི་དུས་རབས་བརྒྱད་པར་ལྷ་མོའི་འབག་དཀར་པོ་སྤྱིར་ན་ཐོན་པ་དང་ཆབས་ཅིག ཆོས་ལུགས་ཀྱི་མཛད་སྒོ་དང་དགོན་པར་འཆམ་རྒྱག་འགོ་ཚུགས་ཡོད།

        “རས་འབག་བཟོ་བའི་གོ་རིམ་རྙོག་འཛིང་ཆེ་བས་འཆམ་འབག་ཆེ་ཆུང་འབྲིང་ཙམ་ཞིག་བཟོ་བར་གཟའ་འཁོར་གཅིག་ཡས་མས་འགོར་གྱི་ཡོད”ཅེས་བློ་བཟང་བག་གྲོས་བཟོ་བཞིན་པའི་རྟ་མགོའི་འཆམ་འབག་སྟོན་བཞིན་དུ་གསར་འགོད་པར་རས་འབག་བཟོ་བའི་བརྒྱུད་རིམ་ཞིབ་ཕྲ་བརྗོད་བྱུང་།

        བློ་བཟང་བག་གྲོས་བཟོས་པའི་རིག་གནས་ཐོན་རྫས་ཀྱི་རས་འབག

        རས་འབག་བཟོ་བར་གཙོ་བོ་རྒྱུ་གཙང་སྤུས་གཙང་གི་སྲིང་བལ་གྱི་རས་དང་། འཇིམ་བཟོ། བོད་ཤོག ཤུག་སྡོང་། ས་ཚོན། འབྱར་རྩི་བཅས་ཕྲན་བུ་དགོས་ཀྱི་ཡོད་ཅིང་། ཐོག་མར་ཚི་ལྡན་པའི་ས་དགོས་པ་དང་། ས་དེར་ཆུ་བརྒྱབ་ནས་གཡོས་པ་བརྒྱུད་རིམ་བཞིན་བརྐོས་བརྒྱབ་ནས་གཟུགས་བརྙན་ཐོན་པར་བྱེད་པ་དང་། དེ་བསྐམས་རྗེས་ཆུར་སྦངས་པའི་བོད་ཤོག་རིམ་པ་གཅིག་སྦྱར་བ་དང་དེ་ནས་རྒྱུ་གཙང་སྤུས་གཙང་གི་སྲིང་བལ་རས་རིམ་པ་གཅིག་སྦྱར་ནས་དེ་ལྟར་བོད་ཤོག་དང་སྲིང་བལ་གྱི་རས་རིམ་པ་དྲུག་ཙམ་སྦྱར་རྗེས་འཇམ་ཤ་བཏོན་ནས་སླར་ཡང་ཤུག་པའི་སྐྱོ་མ་སྦྱར་རྗེས་གཞི་ནས་གཟུགས་བརྙན་རགས་ཙམ་ཐོན་གྱི་ཡོད།

        གཟུགས་བརྙན་ལེགས་པོ་ཅིག་དང་འཆམ་འབག་སྤུས་ལེགས་ཤིག་བཟོ་ཆེད། བརྐོས་བརྒྱབ་ཟིན་པའི་གཟུགས་བརྙན་དེར་ཐོག་འབྱར་རྩི་ཕྲན་བུ་འདྲེས་པའི་སྐྱོ་མ་ཉུང་ཙམ་སྦྱར་རྗེས། བསྐམས་ནས་སླར་ཡང་འཇམ་ཤ་འདོན་གྱི་ཡོད། བརྒྱུད་རིམ་དེ་དག་ནི་འཆམ་འབག་བཟོ་རིང་རྙོག་འཛིང་ཆེ་ཤོས་དང་དཀའ་གནད་ཆེ་ཤོས་ཤིག་རེད་ལ། རས་འབག་བཟོ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཀྱང་རེད། ཚོན་བྱུག་པ་དང་། འོད་འདོན་པ། རྩི་གཏོང་བ་བཅས་བྱས་རྗེས། བཟོ་བཀོད་ལེགས་པའི་འཆམ་འབག་གཅིག་གཞི་ནས་ཐོན་གྱི་ཡོད།

        ལྷ་ས་སྣེ་འཛོམས་མི་རིགས་ལག་ཤེས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བཤམས་པའི་རས་འབག་སྣ་ཚོགས།

        “རས་འབག་གི་རྒྱུ་ཆ་ཧ་ལམ་ཤོག་བུ་དང་རས་ཡིན་པས་ཅུང་ཟད་ཡང་བ་དང་། བོད་ཤོག་གི་རྒྱུ་ཆར་རེ་ལྕག་དང་། འགྱིག་རས། ཤོག་བུ་བཅས་འདྲེས་ཡོད་པས་འབུ་མི་རྒྱག་པའི་ནུས་པ་ཡོད། བཞའ་མ་ཕོག་པའི་ཆ་རྐྱེན་འོག་ལོ་བརྒྱ་ལྷག་རིང་ཉར་ཚགས་བྱེད་ཐུབ”ཅེས་རས་འབག་གི་སྐོར་གླེང་སྐབས་བློ་བཟང་བག་གྲོས་ཆུ་རྒྱུག་རྒྱུག་བཤད།

        1997ལོར་བློ་བཟང་བག་གྲོས་རི་མོར་དགའ་ཞེན་དང་བཅས་དགའ་ལྡན་དགོན་པར་དགེ་རྒན་བསྟེན་ནས་འབག་དང་འབག་སྐུའི་བཟོ་རྩལ་སྦྱངས་ཤིང་། དེ་རྗེས་སླར་ཡང་ལྷ་སའི་རས་འབག་བཟོ་རྩལ་ཐད་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཤི་ལོག་དགེ་རྒན་དུ་བསྟེན་ནས་ལོ་དྲུག་རིང་འཇིམ་བཟོ་དང་རས་བཟོའི་ལག་རྩལ་སྦྱངས་པ་རེད། སློབ་མཐར་ཕྱིན་རྗེས་ཁོང་2008ལོར་ཕ་ཡུལ་བཟང་མོ་གྲོང་ཚོར་ལོག་ནས་དེ་གར་བག་གྲོའི་ཚོང་ཁང་ཞེས་པའི་ཚོང་ཁང་ཞིག་བཙུགས་ནས་ཆེད་མངགས་འབག་སྐུ་བཟོས་ཏེ་འཚོང་འགོ་ཚུགས།

        བློ་བཟང་བག་གྲོས་སྲོལ་རྒྱུན་གྱི་ལྷ་མོའི་འབག(རྟ་མགོ)བཟོ་བཞིན་པ།

        “དང་ཐོག་འབག་དང་འཇིམ་བཟོ་སྦྱོང་བ་ནི་ལག་རྩལ་ཞིག་བསླབས་ནས་འཚོ་བ་སྐྱེལ་བ་ཙམ་ཡིན་ནའང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཚོང་ཁང་བཙུགས་རྗེས་སླར་ཡང་གཞི་ཁྱོན་ཆེ་རུ་སོང་ནས་མཉམ་ལས་ཁང་དུ་གྱུར། སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་གནང་བ་མ་ཟད། ད་དུང་ང་རང་ལས་གཏོད་ཀྱི་གསོ་སྦྱོང་ལའང་ཞུགས་སུ་བཅུག་པས། སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་མང་པོ་ཐོབ་བྱུང་། གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག 2016ལོར་ངས་ལྷ་སའི་སྣེ་འཛོམས་མི་རིགས་ལག་ཤེས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་ཡིན” ཞེས་བློ་བཟང་བག་གྲོས་བརྗོད་བྱུང་། ཁོང་གིས་བལྟས་ན། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ཕྱིན་པ་དེས་ལག་ཤེས་སྒྱུ་རྩལ་བར་འཕེལ་རྒྱས་ཀྱི་ལས་སྟེགས་མཁོ་འདོན་བྱས་པ་དང་། བོད་ཀྱི་ས་གནས་ཁག་གི་ལྷ་མོ་འཁྲབ་སྟོན་ཚོགས་པ་ཡང་མང་དུ་སོང་ཞིང་། ཁོང་ལ་ལོ་རེ་བཞིན་ཚན་པ་དང་མི་སྒེར་ནས་ལྷ་མོའི་འབག་མི་ཉུང་བ་ཞིག་མངག་གི་ཡོད་པ་རེད།

        བློ་བཟང་བག་གྲོས་གཉེར་བའི་རས་འབག་ཚོང་ཁང་གི་ཟུར་ཞིག་ཡིན་པ།

        སྲོལ་རྒྱུན་གྱི་འབག་ནི་ད་ཕན་ལག་ཤེས་སྒྱུ་རྩལ་བས་ཞིབ་ཚགས་ངང་བཟོས་པ་ཞིག་ཡིན་པས། ད་ཡོད་ཀྱི་འཕྲུལ་ཆས་ཀྱིས་དེའི་ཚབ་བྱེད་ཐབས་མེད། འབག་ཐོན་སྐྱེད་དང་། སྲུང་སྐྱོང་། རྒྱུན་འཛིན། གསར་གཏོད་བཅས་ཚང་མར་སྙིང་རུས་ལྡན་པའི་སྲོལ་རྒྱུན་གྱི་ལག་ཤེས་སྒྱུ་རྩལ་བ་དེ་བས་མང་བ་དགོས། ཁས་ལེན་ཐོབ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་བག་གྲོས། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རས་འབག་བཟོ་བའི་ལག་རྩལ་མི་དེ་བས་མང་བས་མཐོང་ཐུབ་པ་དང་འབྲེལ་དགའ་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

        --    --

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།