དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>གླིང་སྒྲུང་།
  • གླིང་སྒྲུང་ལ་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་དུས་བཟང་ཤར་བ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29
      • ▲ གླིང་སྒྲུང་གི་མི་སྣ་གཙོ་བོ་གེ་སར་རྒྱལ་པོའི་སྣང་བརྙན།

        བྱང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་གནམ་མཚོ་ནི་ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་དང་མཚུངས་ཤིང་། སྔོ་བསངས་ཀྱི་ནམ་མཁའི་འོག་སྐྱ་སེར་གྱི་རྩྭ་ར་རིམ་བཞིན་གཉིད་ལས་སད་དེ་སྔོ་ལྗང་གི་ལང་ཚོའི་དཔལ་ཡོན་ངོམ་འགོ་ཚུགས། དཔྱིད་ཀྱི་ཉིན་བྱེད་དྲོན་མོའང་གནམ་མཚོ་དང་རྩྭ་ཐང་གི་ཕང་བར་འཕྲོས་པས་གང་སར་གསོན་ཤུགས་ཀྱིས་ཁེངས་ནས་འདུག

        དེ་དང་བར་ཐག་སྤྱི་ལེ་200ལྷག་ཙམ་གྱིས་ཆོད་པའི་བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ཐོག་སོ་དྲུག་པའི་སྒྲ་ཕབ་ཁང་དུ་སྲི་ཐར་རྡོ་རྗེས་སྐད་གསང་མཐོན་པོས་གླིང་སྒྲུང་འཆད་གྱེར་བྱེད་བཞིན་ཡོད་པ་དང་། ཁོང་གི་ཁ་སྤྲོད་དུ་བཞག་པའི་འཕྲུལ་ཆས་ཀྱིས་འཆད་གྱེར་བྱས་པའི་གླིང་སྒྲུང་གི་ནང་དོན་རེ་རེ་བཞིན་སྒྲ་འཇུག་བྱེད་བཞིན་ཡོད། སྲི་ཐར་རྡོ་རྗེས། ངས་དེ་རིང་འཆད་གྱེར་བྱས་པའི་ནང་དོན་ནི་གླིང་གེ་སར་རྒྱལ་པོས་དཔོན་དམག་ཚོའི་སྣེ་ཁྲིད་དེ་གནམ་མཚོའི་རྒྱུད་དུ་དགྲ་བོ་ཆམ་ལ་ཕབ་པ་དང་འབྲེལ། དགྲ་བོས་བཅོམ་པའི་མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ར་དང་འབྲི་གཡག་འབྲོག་པར་བགོ་བའི་སྐོར་རེད་ཅེས་བརྗོད།

        ལོ་32ལ་སླེབས་པའི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན་པའི་བོད་ཀྱི་གླིང་སྒྲུང་གི་སྒྲུང་མཁན་ཐོག་མ་སྲི་ཐར་རྡོ་རྗེས། ངའི་སྒྲུང་གི་ཁྲོད་དུ་ལྷིང་འཇགས་ཀྱི་གནམ་མཚོ་དང་རྩྭ་ཐང་གི་ཁྱོན་ལ་གཡུལ་འགྱེད་དྲག་པོ་ཞིག་བྱུང་སོང་ཞེས་བརྗོད། བོད་ཀྱི་ས་ཁུལ་ཁག་གི་གླིང་སྒྲུང་གི་སྒྲུང་པ་ཕལ་ཆེ་བ་དང་འདྲ་བར། སྲི་ཐར་རྡོ་རྗེའང་བྱིས་དུས་ཀྱི་ངོ་མཚར་ཆེ་བའི་རྨི་ལམ་ཞིག་གིས་རྐྱེན་བྱས་ཏེ་གླིང་སྒྲུང་དང་ལས་འབྲེལ་བྱུང་བ་ནས་བཟུང་། ཁོང་གིས་ད་བར་ལོ་རྒྱུས་སྙན་ངག་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། མིག་སྔའི་བར་སྲི་ཐར་རྡོ་རྗེས་གླིང་སྒྲུང་གི་སྒྲུང་དུམ་བུ་15སྒྲ་ཕབ་བྱས་ཏེ་ལོ་རྒྱུས་སྙན་ངག་གི་དེབ་གཉིས་དཔེ་སྐྲུན་བྱས་ཡོད།

        འོ་ན། སྲི་ཐར་རྡོ་རྗེས་འཆད་གྱེར་བྱེད་བཞིན་པའི་གླིང་སྒྲུང་དེ་ཡང་སྙིང་ལོ་རྒྱུས་སྙན་ངག་གང་འདྲ་ཞིག་རེད་དམ་ཞེ་ན། དེ་ནི་བོད་ཀྱི་ངོ་མཚར་རྨད་དུ་བྱུང་བའི་དཔའ་བོ་གེ་སར་རྒྱལ་པོས་བཙན་པོའི་གཉའ་ནས་གནོན་ཞིང་ཉམ་ཆུང་གི་མཐའ་ནས་བསྐྱོར་ཏེ་དགྲ་འདུལ་གཉེན་སྐྱོང་གིས་མི་སེར་ལ་བདེ་སྐྱིད་སྐྲུན་པའི་དམག་འཁྲུག་གི་ལོ་རྒྱུས་ཤིག་ཡིན་ཞིང་། དེ་ལ་ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག་ཅེས་བརྗོད་ཀྱི་ཡོད་ལ། འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས་དང་། གཞི་ཁྱོན་ཆེ་ཤོས། གསོན་ཉམས་དོད་ཤོས་བཅས་ཀྱི་དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་ཁྱད་དུ་འཕགས་པ་ཞིག་ཀྱང་རེད་ཅེས་བརྗོད་ཀྱི་ཡོད།

        2006ལོར་གླིང་སྒྲུང་དེ་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་དུ་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་ངག་ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ་རེད།

        བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་འགོ་འཛིན་ནོར་མོས། གླིང་སྒྲུང་ནི་བོད་རིགས་དང་། སོག་རིགས། ཧོར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་། སྤྱི་ཚོགས། དཔལ་འབྱོར། ཀུན་སྤྱོད། ཡུལ་སྲོལ་སོགས་ཤེས་བྱའི་མ་ལག་གཅིག་ཏུ་བསྡུས་པའི་ཤེས་བྱ་ཀུན་བཏུས་རྣམ་པའི་ལོ་རྒྱུས་སྙན་ངག་ཅིག་རེད། ད་བར་ལོ་རྒྱུས་སྙན་ངག་འདི་ཀྲུང་གོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་མང་པོ་དང་། དེ་བཞིན་འབྲུག་ཡུལ་དང་། ནེ་པ་ལ། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་འཁྲབ་སྟོན་བྱས་དང་བྱེད་མུས་ལགས། གཅིག་ལ་གཅིག་བརྒྱུད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཞིག་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་པའི་བར། གླིང་སྒྲུང་རྒྱུན་འཛིན་དང་དར་སྤེལ་གང་ལེགས་ཐུབ་དོན་ནི་རྒྱལ་ཁབ་ཀྱི་ཤུགས་ཆེའི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་སྲིད་ཇུས་ལས་བྱུང་བ་ཞིག་རེད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས། སྔ་རྗེས་སུ་གླིང་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་པ་ཡོངས་ཁྱབ་ཞིབ་བཤེར་དང་པར་གཞི་འཚོལ་བསྡུ་སོགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ཐེངས་20ལྷག་ཙམ་སྒྲིག་འཛུགས་བྱས་ཡོད།

        མིག་སྔའི་བར་ནག་ཆུ་གྲོང་ཁྱེར་ཁོ་ནར་ཐོ་འགོད་བྱས་པའི་གླིང་སྒྲུང་གི་སྒྲུང་པ་120ལྷག་ཙམ་ཟིན་ཡོད་ཅིང་། དཔེ་སྐྲུན་འགྲེམས་སྤེལ་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཡོངས་ཁྱབ་ཞིབ་བཤེར་གྱི་དཔེ་དེབ་དང་སྒྲ་དབྱངས(བརྙན་ལམ)གྱི་གྲུབ་འབྲས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་དུས་མཚུངས། བོད་ཀྱིས་ད་དུང《གླིང་སྒྲུང》གི་འཆད་གྱེར་མ་ཟིན་སྤུས་དག་དང་། དབྱངས་རྟ། བསྟོད་གླུ། བྲོ། རྒྱུན་འཛིན་པའི་ངག་ཐོག་ལོ་རྒྱུས། ཡུལ་ལུང་གི་བཀོད་པ་དང་ཡུལ་སྲོལ་གཏམ་རྒྱུད་ཀྱི་དངོས་མཚོན་གློག་བརྙན་བཅས་ཁག་6ལས་གྲུབ་པའི་ལོ་རྒྱུས་སྙན་ངག་གི་གྲངས་གཞིའི་ཐོན་ཁུངས་མཛོད་བཙུགས་ཡོད་པ་རེད། ནོར་མོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན་འོག་གནའ་བོའི་གླིང་སྒྲུང་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྔ་ན་མེད་པའི་དུས་སྐབས་བཟང་པོ་ཞིག་ཤར་ཡོད་ཅེས་བརྗོད།

        2022ལོའི་ལོ་སྟོད་དུ་བོད་ཀྱི་གླིང་སྒྲུང་སྒྱུ་རྩལ་པའི་སྒྲུང་དཔེ་ཆ་ཚང་ཤོས་ཏེ། གཤེགས་ཟིན་པའི་གླིང་སྒྲུང་གི་སྒྲུང་མཁན་བསམ་གྲུབ་ཀྱི་ལོ་རྒྱུས་སྙན་ངག་གི་མུ་འབྲེལ་དཔེ་ཚོགས་ཀྱི་རྒྱ་ཡིག་པར་གཞི་འགྲེམས་སྤེལ་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་འདུ་འགོད་གལ་ཆེན་གྱི་གྲས་ཤིག་ཡིན་པའི་སྒྲུང་མཁན་བསམ་གྲུབ་ཀྱི་སྒྲུང་དཔེ་རྒྱ་ཡིག་པར་གཞི་33རྩོམ་སྒྱུར་དཔེ་སྐྲུན་བྱས་པའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་766བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་དུས་ཡུན་ལོ་བརྒྱད་འགོར་བ་དང་། པེ་ཅིང་དང་། ཀན་སུའུ། མཚོ་སྔོན། བོད་སོགས་རྒྱལ་ཡོངས་ས་གནས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐུན་མོང་ཐོག་ལེགས་སྒྲུབ་བྱས་ཡོད།

        སྲི་ཐར་རྡོ་རྗེས། ངས་གླིང་སྒྲུང་དང་འབྲེལ་བའི་གློག་བརྙན་ཞིག་པར་ལེན་བྱས་ཟིན་མ་ཐག་ཡིན། ད་ཆ་གླིང་སྒྲུང་དེ་ཉིད་སྲོལ་རྒྱུན་གྱི་ངག་རྒྱུན་རྣམ་པ་ཁོ་ནའི་ཐོག་ནས་རྒྱུན་འཛིན་བྱས་ན་མི་འགྲིག་པར། ད་དུང་ཀོ་ཕིག་དང་། གློག་བརྙན། རི་མོའི་དེབ་སོགས་ཆ་འཕྲིན་ཚན་རྩལ་གྱི་བྱེད་ཐབས་དང་རྣམ་པའི་ཐོག་ནས་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་དགོས་འདུག ངས་གླིང་སྒྲུང་དེ་བས་མང་བ་ས་མཐོ་ནས་རིམ་བཞིན་འཛམ་གླིང་གི་ཕྱོགས་སུ་སྐྱོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངས་ཀྱང་ཐོག་མཐའ་བར་གསུམ་དུ་དེའི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད་ཅེས་བརྗོད།

        --    --

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།