བོད་ལྗོངས་གཏམ་བརྗོད་ཟློས་གར་གྱི་ལོ་ངོ་༦༠
ལོ་ངོ་60ཡི་རིང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་བསམ་པའི་དཔལ་འབར་མཐོན་པོར་བཏེགས་ནས། དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་གྲགས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རིང་རྩ་བ་བརྟན་ཚུགས་དང་རྨང་གཞི་བརྟན་དུ་བཏང་བ་དང་། བསམ་བློར་བཅིངས་འགྲོལ་དང་སྒྱུ་རྩལ་རྒྱུན་འཛིན་བྱེད་རིང་གཞུང་འཁྱོངས་གསར་འབྱེད་བྱས་པ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་ལ་དམིགས་ནས། ཇུས་འགོད་ཞིབ་ཚགས་དང་རང་འགུལ་བྱས་རྗེས་བཞག་པས། གཡུར་ཟའི་གྲུབ་འབྲས་མང་པོ་ཐོབ་ནས། གཡུལ་ས་གཙོ་བོ་བརྟན་སྲུང་བྱེད་པ་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་དར་སྤེལ་གཏོང་བ་བཅས་བྱས་ཡོད།
འདི་ནི་གྱེར་འདོན་ཟློས་གར《འོད་ཟེར་ལ་ནམ་ཡང་བསྟོད་པ》ཡིན་པ།
①གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་ས་མཐོར་རྩ་བ་ཚུགས་།
1962ལོའི་དཔྱིད་ཀར། གཏམ་བརྗོད་ཟློས་གར་གྱི་བོད་རིགས་འཁྲབ་སྟོན་སློབ་མ་ཁག་དང་པོ་ཧྲང་ཧའེ་ཟློས་གར་སློབ་གླིང་ནས་ཐོན་པ་དང་། ཁོང་ཚོའི་སློབ་ཐོན་ཟློས་གར་འཁྲབ་ཚན《འུན་ཤིང་ཀོང་ཇོ》རྒྱལ་སར་སྐད་གྲགས་ཆོད་ཅིང་། གུས་ཤིང་བརྩེ་བའི་ཀྲོའུ་ཙུང་ལི་འཁྲབ་སྟོན་བྱ་ཡུལ་དུ་ཕེབས་ནས་འཁྲབ་སྟོན་ལ་གཟིཌ་པ་དང་འབྲེལ། “ཁྱེད་ཚོ་ནི་ས་མཐོའི་གཏམ་བརྗོད་ཟློས་གར་གྱི་ས་བོན་ཡིན་པས། བོད་དུ་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་པ། འབྲས་བུ་འདོགས་པ་བཅས་བྱེད་དགོས”ཞེས་སྐུལ་ལྕག་ཀྱང་གནང་བ་རེད།
དུས་དེ་ནས་བཟུང་བརྩེ་སེམས་ཟབ་ལ་ཐུགས་རེ་ཟབ་པའི་བཀའ་མངགས་དེ། བོད་ཀྱི་གཏམ་བརྗོད་ཟློས་གར་བ་མི་རབས་མང་པོའི་བསམ་པའི་དོན་གཉེར་དང་འགན་འཁྲི་འཁུར་སེམས་སུ་གྱུར་ནས། བོད་ཀྱི་གཏམ་བརྗོད་ཟློས་གར་བའི་ཁྲག་རྒྱུན་ནང་འདྲེས་ཡོད་ལ། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར“སྒྱུ་རྩལ་གྱི་གཡུལ་ས་དང་མི་དམངས་ཀྱི་ཟློས་གར་ཚོགས་པའི”གསར་བརྗེའི་ས་བོན་ཡང་བཏབ།
ལོ་དེའི་ཟླ་7ཚེས་1ཉིན་ཀྲུང་གོ་གསར་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བའི་འོད་ཟེར་འཕྲོས་ནས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་ས་མཐོའི་ས་གཞི་ཆེ་མོར་དངོས་སུ་བཙུགས་པ་རེད། དུས་དེ་ནས་བཟུང་བོད་ཀྱི་མི་རིགས་གཏམ་བརྗོད་ཟློས་གར་སྒྱུ་རྩལ་གྱིས་འོད་སྟོང་འཕྲོ་བའི་ལེའུ་དེའི་ཐོག་ནས་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་རྐྱང་ཞིག་ཕྱེས།
1964ལོར་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ལ་གདེང་འཇོག་ཡག་པོ་ཐོབ་པ་དང་། བཙུགས་མ་ཐག་པའི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་རྒྱལ་ཡོངས་སྒྱུ་རྩལ་ལས་རིགས་ནས་ལྟ་སྟངས་གསར་པ་ཞིག་འཛིན་པ་མ་ཟད། འཁྲབ་ཚན་དེ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་དཔེ་མཚོན་སོར་ཉར་གྱི་འཁྲབ་ཚན་ཞིག་ཏུའང་གྱུར། ལོ་ངོ་60ཡི་རིང་ནང་སྦྱོང་ཐེངས་བཞི་བྱས་ནས་ལེགས་སྒྲིག་བྱས་པ་ལས། ལྟད་མོ་བ་ཚོར་སློབ་གསོ་མི་འདྲ་བ་རེ་ཐེབས་པ་དང་བློ་སྒོ་གསར་པ་ཕྱེ་ཡོད།
སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ས་མཐོར་ལྡང་སྐབས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་འབོད་སྒྲ་སྔོན་ལ་གྲགས་པ་སྟེ། 1981ལོར་ནུས་ཤུགས་ཡོད་རྒུས་བཏོད་པའི་ལོ་རྒྱུས་ཟློས་གར《སྲོང་བཙན་སྒམ་པོ》པེ་ཅིང་དུ་འཁྲབ་སྟོན་བྱས་པར་རྒྱལ་སའི་ཟློས་གར་ལས་རིགས་ཁྲོད་སྐད་གྲགས་ཆོད་ནས། ཀྲུང་དབྱང་གི་འགོ་ཁྲིད་དང་རིག་རྩལ་ལས་རིགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་སྟེ། རིག་གནས་པུའུ་ཡིས་སྤྲད་པའི་ཀྲུང་གོའི་སྐབས་དང་པོའི་ཕུལ་བྱུང་འཁྲབ་གཞུང་གི་གསར་གཏོད་བྱ་དགའ་ཐོབ།
གལ་ཏེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་སྐབས། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་དམིགས་ཡུལ་ནི་ཏང་གི་མི་རིགས་སྲིད་ཇུས་དང་། ལམ་བཟོ་དཔའ་བོ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས།“ལམ་གཉིས”ཀྱི་སྙིང་སྟོབས་བཅས་ལ་བསྔགས་བརྗོད་བྱས་ནས། དངོས་ཡོད་འཚོ་བ་མཚོན་པ་དང་དུས་རབས་ལ་བསྔགས་བརྗོད་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་ཡིན་ཚེ། ད་ཆ་དུས་རབས་གསར་པར་སླེབས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོཌ་རྗེས་བོད་ལྗོངས་གཏམ་བརྗོད་ཟློས་གར་བས་སྒྱུ་རྩལ་བརྩམས་ཆོས《བཅིངས་འགྲོལ། བཅིངས་འགྲོལ》དང་། 《ཐུན་མོང་གི་ཁྱིམ་གཞིས》 《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》 《འོད་ཟེར་ལ་ནམ་ཡང་བསྟོད་པ》 《ཧ་མུའུ་ལེ་ཐེ》སོགས་ཀྱི་བརྩམས་ཆོས་རྙིང་དོར་གསར་ལེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་འགན་འཁུར་བ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འགན་འཁྲིར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རིག་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་བྱུང་ནས། སྤྱི་ཚོགས་ཡོངས་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཤུགས་ཆེན་བཏང་ཡོད།
འདི་ནི་གཏམ་བརྗོད་ཟློས་གར《བཅིངས་འགྲོལ་དམག་མི》ཡིན་པ།
② གཏམ་བརྗོད་ཟློས་གར་བས་ལོ་ངོ་60ཡི་ལོ་རྒྱུས་རྒྱུན་འཛིན་བྱས་།
1964ལོའི་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བརྒྱད་གཅིག་གློག་བརྙན་བཟོ་གྲྭས་པར་བླངས་པའི་གཏམ་རྒྱུད་གློག་བརྙན《ཞིང་བྲན》རྒྱལ་ཡོངས་སུ་བསྟན། རང་རྒྱལ་གྱི་བོད་ཀྱི་བརྗོད་དོན་གཙོ་བོའི་གློག་བརྙན་དང་པོ་ཡིན་པའི་ངོས་ནས། གློག་བརྙན་དེའི་ནང་ཟིན་ཐོ་དང་གཏམ་རྒྱུད་དང་། སྙན་ངག་དང་ཟློས་གར་གཞི་གཅིག་ཏུ་འདུས་ཏེ། སྒྱུ་རྩལ་གྱི་ཐབས་ལམ་ཐོག་ནས་བོད་རྙིང་པའི་ཞིང་བྲན་གྱི་ཡ་ང་བའི་འཚོ་བ་སླར་ཡང་ཇི་མ་ཇི་བཞིན་མངོན་ཡོད།
གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་ཞིང་བྲན་བྱམས་པ་འཁྲབ་མཁན་དབང་འདུས་རྒན་པ་ནི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་བ་ཡིན་པ་དང་། ཁོང་ནི་བོད་རྙིང་པའི་ཞིང་བྲན་གྱི་ཁྱིམ་དུ་སྐྱེས་ཤིང་། ཁོང་གིས“བྱམས་པ་འཁྲབ་པ་ནི་རང་ཉིད་ཀྱི་འཚོ་བ་བསྐྱར་དུ་མངོན་པ་ཞིག་རེད”ཅེས་ཤོད་མྱོང་ཡོད། གློག་བརྙན་དེའི་ནང་ཁོང་གི་བབ་ཆགས་པའི་རང་གཤིས་དང་བདེན་པ་བདེན་ཐུབ་ཀྱི་མི་སེམས་འགུལ་བའི་འཁྲབ་སྟོན་ལས། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེ་བའི་འཁྲབ་སྟོན་སྒྱུ་རྩལ་བ་གྲགས་ཅན་ཞིག་ཏུ་གྱུར།
གློག་བརྙན《ཞིང་བྲན》ལ་གྲུབ་འབྲས་ཆེན་པོ་ཐོབ་པ་ལས་བོད་ཀྱི་གཉའ་གནོན་མྱོང་བའི་མི་དམངས་ཀྱིས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ངོ་རྒོལ་དྲག་པོ་དང་རང་དབང་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་བཅངས་པའི་འདུན་པ་རབ་ཏུ་འཕེལ་ནས། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཆེད་མང་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་བཏིང་ཡོད་ལ། བཙུགས་མ་ཐག་པའི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའང་གངས་ལྗོངས་ས་མཐོ་དང་ཐ་ན་རྒྱལ་ཡོངས་སུ་སྐད་གྲགས་ཆོད། ལྟད་མོ་བ་ཚོས་ཀྱང་དབང་འདུས་རྒན་པ་དང་། ཚེ་རིང་རྡོ་རྗེ་ཆུང་བ། ཆུང་བདག བསོད་ནམས་རབ་བརྟན་སོགས་གློག་བརྙན་དེ་ནས་རྗེས་སུ་བོད་ཀྱི་གཏམ་བརྗོད་ཟློས་གར་ལས་རིགས་ཀྱི་གྲགས་ཅན་སྒྱུ་རྩལ་བར་གྱུར་པའི་འཁྲབ་སྟོན་བ་མང་པོ་ཞིག་ངོ་ཤེས་པར་གྱུར།
ཁོང་ཚོ་ནི་ཧྲང་ཧའེ་གཏམ་བརྗོད་ཟློས་གར་སློབ་གླིང་ནས་ཐོན་པའི་གཏམ་བརྗོད་ཟློས་གར་གྱི་བོད་རིགས་འཁྲབ་སྟོན་སྒྱུ་རྩལ་ཤེས་ལྡན་མི་སྣ་ཁག་དང་པོ་རེད། དེ་རྗེས་ཀྱི་ལོ་ངོ་60ཡི་ནང་ཧྲང་ཧའེ་གཏམ་བརྗོད་ཟློས་གར་སློབ་གླིང་གིས་བོད་ཀྱི་གཏམ་བརྗོད་ཟློས་གར་བྱ་གཞག་ལ་ཕུལ་བྱུང་གི་སྒྱུ་རྩལ་ཤེས་ལྡན་པ་ཁག་5གསོ་སྐྱོང་བྱས་པ་དང་། ཀྲུང་དབྱང་ཀྲུང་ཞི་སློབ་གླིང་དང་བོད་ལྗོངས་སྒྱུ་རྩལ་སློབ་གྲྭས་གསོ་སྐྱོང་བྱས་པའི་ཤེས་ལྡན་པ་ཁག་གཅིག་བཅས་སྔ་རྗེས་སུ་མི་300ལྷག་ཙམ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཁྱིམ་ཚང་ཆེ་མོར་ཞུགས།
ལོ་བཞི་བཅུ་ལྷག་ཙམ་ལ་སླེབས་པའི་རིན་ཆེན་དོན་གྲུབ་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་བྱ་གཞག་གི་རྐང་འཛིན་པ་གསར་པ་ཞིག་རེད། ཁོང་གི་བརྩམས་ཆོས་སམ་ཡང་ན་མི་སྒེར་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི“གཅིག་རེ་ལྔའི”འདུ་འགོད་བྱ་དགའ་དང་། ཀྲུང་གོའི་གཏམ་བརྗོད་ཟློས་གར་གྱི་གསེར་སེང་བྱ་དགའ། ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ། སྐབས་བཅུ་བདུན་པའི་ཝུན་ཧྭ་འཁྲབ་སྟོན་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། ཁོང་རང་ཉིད་ཀྱིས་མཐོང་ཆེ་ཤོས་བྱེད་པ་ནི་2015ལོར་སྐབས་བཞི་པའི་དར་མ་དང་གཞོན་ནུའི་སྤྱོད་རྩལ་གཉིས་ལྡན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དེ་རེད། ཁོང་གིས“འཁྲབ་སྟོན་པ་ཞིག་གི་ངོས་ནས་མཛེས་བདེན་ལེགས་གསུམ་བརྒྱུད་སྤྲོད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་ནི་ངའི་ལས་འགན་ཡིན། སྒྱུ་རྩལ་གསར་རྩོམ་བྱེད་པར་མྱུར་ལམ་མེད་སྟབས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་མི་གཞན་གྱིས་བཟོད་ཐབས་བྲལ་བའི་དཀའ་སྤྱད་འབད་བརྩོན་བྱས་ཚེ། གཞི་ནས་བློ་སེམས་འགུག་ཤུགས་དང་། གསོན་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ལྡན་པའི་བརྩམས་ཆོས་ཡག་པོ་ཞིག་གསར་རྩོམ་བྱེད་ཐུབ”ཅེས་བཤད།
ངག་དབང་རིན་ཆེན་དང་། བློ་བཟང་སྙན་གྲགས། བསོད་ནམས་དབང་མོ་བཅས་ནི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོཌ་པའི་རྗེས་ཐོན་མི་སྣ་ཡིན་ཞིང་། 《གཡང་མདའ》དང་། 《བཅིངས་འགྲོལ་དམག་མི》 《དབུགས་ལྒང》 《ལག་དམར་བ》སོགས་བརྩམས་ཆོས་ལ་བརྟེན་ནས་གཏམ་བརྗོད་ཟློས་གར་དང་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་གྱི་ཁྱབ་ཁོངས་ནང་གྲུབ་འབྲས་མི་དམན་པ་ཐོབ་ཡོད།
“གཏམ་བརྗོད་ཟློས་གར་བ་རྒན་རབས་ཚོའི་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་བློས་གཏོང་ལས་བོད་ཀྱི་གཏམ་བརྗོད་ཟློས་གར་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་ཡོད། ད་ཆ་ང་ཚོར་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ཟློས་གར་རྩོམ་མཁན་དང་། འཁྲབ་ཁྲིད་སྒྱུ་རྩལ་བ། འཁྲབ་སྟོན་སྒྱུ་རྩལ་བ། གར་སྟེགས་མཛེས་བཟོ་བ་བཅས་ཁག་གཅིག་ཡོད། ཁོང་ཚོར་སྤུས་ཚད་མཐོ་བའི་གཏམ་བརྗོད་ཟློས་གར་གྱི་བརྩམས་ཆོས་གསར་རྩོམ་དང་འཁྲབ་སྟོན་བྱེད་པའི་འཇོན་ཐང་ཡོད་པས། ས་མཐོའི་གཏམ་བརྗོད་ཟློས་གར་བྱ་གཞག་ལ་རེ་བའི་ཞིང་ས་གཤིན་པོ་ཞིག་ཐོན་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འགོ་འཛིན་ཕུར་བུ་ཚེ་རིང་གིས་བཤད།
འདི་ནི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཡིན་པ།
③དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་།
ལོ་ངོ་60ཡི་རིང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒྱུ་རྩལ་གྱི་ལམ་བུར་བསྐྱོད་དེ། ལོ་ལྟར་འཁྲབ་ཚན་ཐུང་ངུ་མང་པོ་གསར་རྩོམ་བྱས་ནས་མང་ཚོགས་དང་ཉེ་བཅར་དང་། དམངས་སེམས་དང་བསྟུན་པ། ལྟད་མོ་བས་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་ཕུལ་བྱུང་གི་གར་སྟེགས་རིག་རྩལ་བརྩམས་ཆོས་མང་ཚོགས་ཁྲོད་འཁྲབ་སྟོན་བྱས་ནས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་སོང་ཡོད།
དུས་ཡུན་རིང་པོའི་ནང་། བོད་ལྗོངས་གཏམ་བརྗོད་ཟློས་གར་བས“ཚང་མ་སྤྱི་ཕན”ཡིན་པའི་དམངས་ཕན་ངེས་གནས་མཐའ་འཁྱོངས་བྱས་ནས“རིག་རྩལ་དམངས་ཕན་གྱི་གཞི་རིམ་འཁྲབ་སྟོན”དང“ཁྱད་འཕགས་སྒྱུ་རྩལ་སློབ་གྲྭར་ཁྱབ་གདལ”སོགས་ཀྱི་སྤྱི་ཚོགས་ཀྱི་འཁྲབ་སྟོན་དང་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་ཧུར་ཐག་བྱས་ཏེ། རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཀྱི་རང་འགུལ་ལ་བརྟེན་ནས་སྤྱི་པའི་རིག་གནས་ཞབས་ཞུ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་བས། མེས་རྒྱལ་གྱི་ས་ཕྱོགས་གང་ས་དང་དེ་བཞིན་བོད་ཀྱི་གྲོང་གསེབ་དང་། འབྲོག་ར། སློབ་གྲྭ དགོན་སྡེ། མཐའ་སྲུང་སོ་ལྟ་ཁང་བཅས་སུ་བསྐྱོད་ནས་གཙོ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་སྲུང་སྐྱོང་གང་ཐུབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། རྒྱལ་ཁབ་ཀྱི་རིག་གནས་གཟུགས་བརྙན་འཛུགས་པ་བཅས་བྱས་ཡོད། ལོ་ངོ་60ཡི་རིང་འཁྲབ་སྟོན་ཐེངས་5000ལྷག་ཙམ་བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི་500ལྷག་ཙམ་ཟིན་པའི་གྲུབ་འབྲས་ཐོག་ནས་འཚོ་བ་དངོས་མཚོན་པ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པ་བྱས་ཏེ། གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་བྱས་པས། བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“རིག་གནས་ཀྱི་རང་རྟོན་རང་སྟོབས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་གཏོད་དགོས”ཞེས་བཏོན་ཡོད། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འགོ་འཛིན་ཕུར་བུ་ཚེ་རིང་གིས། བོད་ཀྱི་གཏམ་བརྗོད་ཟློས་གར་བས“དབྱུག་པ་རེ་རེ་བཞིན་རྒྱུན་མཐུད་དེ་རྒྱུགས་པ་དང་། དབྱུག་པ་གཅིག་ལས་གཅིག་ལེགས་པའི”སྙིང་སྟོབས་ཐོག་ནས་བོད་དུ་རྩ་བ་ཚུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། གཞུང་འཁྱོངས་གསར་འབྱེད་ཐད་བྱས་རྗེས་གསར་པ་བཞག་སྟེ། འབྱུང་འགྱུར་ལོ་5ཡི་ནང་བསམ་བློ་གཏིང་ཟབ་དང་སྒྱུ་རྩལ་རྩེར་སོན་གྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གཏོད་ཀྱི་ཡིན་ཞེས་བཤད།
བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆོན་ཕིང་གིས། འབྱུང་འགྱུར་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འབད་འབུངས་ཡར་བརྩོན་གྱིས་ཏང་གཤིས་བརྟན་དུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་གསར་རྩོམ་ལ་དམ་འཛིན་བྱེད་པ། བྱས་པའི་རྗེས་དང་། འདྲུད་པའི་ཤུལ་གྱི་སྙིང་སྟོབས་དང་སྙིང་རུས་གཏན་འཁྱོངས་ཀྱི་སྙིང་སྟོབས་ཐོག་ནས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ལས་བྱེད་པ་དང་ལས་བཟོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཚད་གཞི་གསར་པ་བཙུགས་ཏེ། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར”དུས་རབས་ཀྱི་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བཤད།
འདི་ནི་གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ཡིན་པ།
(པར་ཚང་མ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་མཁོ་འདོན་བྱས)