དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གསར་འགྱུར་རྩོམ་ཡིག་ལ་སྒྱུ་རྩལ་གྱི་མཚོན་ཐབས་སྤྱོད་རུང་མིན་སྐོར་གྱི་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29
      • གཅིག “གསར་འགྱུར་བརྒྱུད་བསྒྲགས་རིག་པ་དེ་རྩོམ་གཞུང་རིག་པ་དང་བསྡུར་ན་རིག་ཚན་ཞིག་ཏུ་ཆགས་ནས་ད་བར་ལོ་བརྒྱ་ལྷག་ལས་ཕྱིན་མེད་མོད། གསར་འགྱུར་རྩོམ་ཡིག་དེ་རྩོམ་གཞུང་རིག་པའི་མ་ཡུམ་གྱི་པང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཀྱང”གསར་འགྱུར་རྩོམ་ཡིག་ནི་རྩོམ་ལུས་བྱེ་བྲག་པ་ཞིག་ཡིན་པའི་ཆ་ནས་གང་དེར་རྩོམ་ལུས་བྱིངས་ལས་ལོག་ཏུ་དགར་བའི་དགར་ཆོས་ཤིག་ཡོད་པ་བསྙོན་མེད་ཡིན། དེང་གི་དཔྱད་བརྗོད་པ་རེ་འགས་གསར་འགྱུར་རྩོམ་ཡིག་ལ་སྒྱུ་རྩལ་གྱི་མཚོན་ཐབས་སྤྱོད་མི་རུང་སྟེ། དེ་ལྟར་ན་གང་དེའི་བླ་སྲོག་ཏུ་འདོད་པའི་བདེན་པ་འབོར་བར་གསུངས། འོན་ཀྱང་། སྒྱུ་རྩལ་མཚོན་ཐབས་དང་གསར་འགྱུར་རྩོམ་ཡིག་བར་དུ་ཡེ་བཀག་ཡེ་གནས་ཀྱི་འབྲེལ་བ་ཞིག་གྲུབ་མེད་ལ། གསར་འགྱུར་རྩོམ་ཡིག་ནི་སྙན་ངག་དང་། བརྩམས་སྒྲུང་། ཟློས་གར་སོགས་ཀྱི་སྒྱུ་རྩལ་རྩོམ་ཡིག་གཞན་དག་དང་འདྲ་བར་རྩོམ་པ་པོས་བློས་བསླངས་བྱེད་ཆོག་པ་ཞིག་ཀྱང་མིན་པར་འདོད།

        རྩོམ་རིག་གི་རིགས་དབྱེའི་སྐོར་ལ་དབྱེ་བ་འབྱེད་སྲོལ་མང་དུ་འདུག་སྟེ། བརྗོད་བྱའི་དོན་གྱི་སྒོ་ནས་དབྱེ་ཚུལ་དང་། རྗོད་བྱེད་ཚིག་གི་སྒོ་ནས་དབྱེ་ཚུལ། རྩོམ་ལུས་ཀྱི་རྣམ་པའི་སྒོ་ནས་དབྱེ་ཚུལ་སོགས་ཡོད་ཅིང་། མདོར་བསྡུས་ན་རྩོམ་རིག་ལ། “སྤྱིར་བཏང་རྩོམ་རིག་དང་། སྒྱུ་རྩལ་རྩོམ་རིག་སྟེ། ངོ་བོའི་སྟེང་ནས་མི་འདྲ་བ་གཉིས་ཡོད”པ་ལས། གསར་འགྱུར་རྩོམ་ཡིག་ནི་སྤྱིར་བཏང་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཡིན། སྤྱིར་བཏང་རྩོམ་རིག་ནི་“ཤེས་པས་དོན་སྤྱི་དང་སྒྲ་སྤྱི་གང་རུང་བརྒྱུད་པའི་སྒོ་ནས་རྟོགས་པར་བྱེད་པའམ་དངོས་པོའི་སྤྱི་མཚན་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པ་དང་། དངོས་པོའི་གནས་ལུགས་ལ་སྒྲོ་སྐུར་མི་བྱེད་པར་བདེན་པར་བརྗོད་པ་དང་། ཚིག་གི་སྙན་ཆ་དང་མཛེས་ཆ་གཙོ་བོར་མི་བྱེད་པར་བརྗོད་བྱའི་དོན་གོ་བ་ལ་གཙོ་བོར་བྱེད་པའི་རྩོམ་རིག་ལ་གོ་བ་ཡིན”

        གསར་འགྱུར་རྩོམ་ཡིག་ལའང་གོང་དུ་སོང་ཟིན་པའི་སྤྱིར་བཏང་རྩོམ་རིག་གི་ཁྱད་ཆོས་དེ་དག་ཚང་དགོས་པ་ནི་སྨོས་མེད་ཡིན། འོན་ཀྱང་། ང་ཚོས་དོ་སྣང་བྱ་དགོས་པ་ཞིག་ནི། “སྒྱུ་རྩལ་རྩོམ་རིག་ཡིན་མིན་གོང་དུ་བཤད་པའི་རྟོགས་རིགས་དང་། དོན་དང་ཚིག་གི་རང་བཞིན་གྱི་ངོས་ནས་ཡིན་པ་ལས། ཕྱོགས་གཉིས་ཀྱི་ཁྱད་ཆོས་ཕན་ཚུན་གཏན་ནས་མ་འདྲེས་པའི་རྩོམ་ཞིག་ཤིན་ཏུ་དཀོན་པར་གདའ། རྩོམ་མང་པོ་ཞིག་ལ། སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་སུ་གཏོགས་པའི་བརྗོད་བྱ་མངོན་སུམ་དུ་འཆར་བ་ལ་དམིགས་པའི་རྟོགས་པའི་ཚུལ་གྱི་རྩོམ་རྣམ་ཁ་ཤས་དང་། བརྗོད་བྱའི་རང་བཞིན་གསལ་ཞིང་བློ་ངོར་འཆར་སླ་ལ་དམིགས་པའི་རྟོག་བཏགས། འཁྱོག་བརྗོད་སོགས་ཀྱི་ཚིག་སྦྱོར་དམ་དུམ་ཡོད”པས། གསར་འགྱུར་རྩོམ་ཡིག་ལ་སྒྱུ་རྩལ་གྱི་མཚོན་ཐབས་ཡེ་ནས་སྤྱད་མེད་པར་འདོད་པ་དེ་ནི་ཅུང་མ་དག་པར་སྣང་ངོ་། དེས་མ་ཟད། “རྩོམ་རིག་བརྩམས་ཆོས་ཇི་ཡོད་ཀློག་པ་པོའི་ལྟ་ཀློག་གི་དོན་དུ་བྲིས་པ་ཤ་སྟག་ཡིན་པས། དོན་དུ་བརྩམས་ཆོས་དེ་དག་བརྒྱུད་ནས་རྩོམ་པ་པོ་དང་ཀློག་པ་པོའི་བར་དུ་ཁ་བརྡ་བྱེད་ཀྱི་ཡོད”པས་ཀློག་པ་པོས་བརྩམས་ཆོས་ཀྱི་བརྗོད་དོན་མ་ནོར། མ་འཛོལ། མ་འཕྱུགས་པར་གོ་བ་བྱེད་པ་ལ་རྒྱན་ནམ་སྒྱུ་རྩལ་གྱི་མཚོན་ཐབས་མེད་དུ་མི་རུང་བ་ཡིན་ལ། སྒྱུ་རྩལ་མཚོན་ཐབས་བགྲང་གིས་མི་ལང་པ་ནི་ཇི་སྐད་དུ་སྙན་ངག་མཁན་ལ་གང་ཡང་རྒྱན་ཞེས་པ་ལྟར་ཡིན་ལ། དེ་ཡང་གསར་འགྱུར་རྩོམ་ཡིག་ཏུ་ཚད་ལས་འདས་པའི་སྒྱུ་རྩལ་གྱི་མཚོན་ཐབས་སྤྱོད་མི་རུང་པ་ནི་རྩོམ་ལུས་གང་དེའི་ཁྱད་ཆོས་ཡིན་ཞིང་གོང་དུ་སོང་ཟིན་པའི་སྤྱིར་བཏང་རྩོམ་རིག་ཡོངས་ཀྱི་མཐུན་ཆོས་སུའང་འདུག་གོ

        གཉིས། མིག་སྔར་རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་རྩོམ་ཡིག་གྲགས་ཆེ་བ་མང་པོ་ལས་སྒྱུ་རྩལ་གྱི་མཚོན་ཐབས་སྤྱད་པའི་རྩོམ་ཡིག་མི་ཉུང་བ་ཞིག་འདུག་སྟེ། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅོ་བརྒྱད་པའི་ཐོག་བྱ་དགའ་ཨང་དང་པོ་ཐོབ་པའི་གསར་འགོད་པ་རྣམ་གླིང་རིན་ཆེན། ནོར་དཀྱིལ་བུ་ཆུང་རྒྱལ། བཀྲ་ཤིས། དཔལ་མཆོག ཚེ་སྒྲོན་བཅས་ཀྱིས་བྲིས་པའི་གསར་འགྱུར་རྩོམ་ཡིག《རྒན་རྒོན་སོ་ནམ་མི་གླེང་སློབ་གསོ་གླེང་། གྲོང་ཚོར་སློབ་ཆེན་སློབ་མའི་གཏེར་ཁ་རྡོལ》ཞེས་པའི་གསར་འགྱུར་རྩོམ་ཡིག་དེར་གསར་འགོད་པས་བགྲེས་སོང་ངག་དབང་རབ་དབྱངས་ཀྱི་ཕྲུ་གུ་གཉིས་ཀྱི་སློབ་གསོ་དང་འབྲེལ་བའི་མི་ཚེའི་གཏམ་རྒྱུད་དེ“སྲོད་ཀྱི་རྨི་ལམ”དང་། “རེ་བའི་སྐྱ་རེངས” “ཞོགས་པའི་འོད་ཟེར” “སྐྱིད་པའི་ཉི་མ”བཅས་རྩོམ་ཡིག་གི་ཁ་བྱང་ཆུང་བ་བཞིའི་ཐོག་ཏུ་བཀོད་སྒྲིག་བྱས་ནས། དེ་རིང་གི་ས་སྲོད་ནས་སང་ཉིན་གྱི་ས་སྲོད་བར་ཏེ། ཉིན་ཞག་གཅིག་གི་དུས་ཡུན་ནང་བསྡུས། སྒྱུ་རྩལ་མཚོན་ཐབས་དེ་སྤྱད་པས། གསར་འགྱུར་རྩོམ་ཡིག་གང་དེའི་བརྒྱུད་བསྒྲགས་ཀྱི་ནུས་པ་མཐོར་འདེགས་བྱུང་ཡོད་ལ། བརྗོད་སྙིང་འབུར་དུ་ཐོན་ཅིང་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་པའི་ནུས་པའང་ཐོན་ཡོད།

        ཡང་གོང་གི་གསར་འགྱུར་རྩོམ་ཡིག་དེར“བཟའ་ཟླར་ལྟ་སྐྱོང་བྱེད་དགོས་ལ། ཞིང་ལས་དང་ནང་ལས་བྱེད་དགོས་པ་མ་ཟད། ཕྲུ་གུ་གཉིས་པོའང་སློབ་གྲྭར་སྐྱེལ་བསུ་བྱེད་དགོས་པ་སོགས་ཁྱིམ་ཚང་ཕྱི་ནང་གི་ལས་ཀ་ཡོད་དོ་ཅོག་ཁོང་མི་གཅིག་གི་ཕྲག་ཏུ་བབས་ཡོད། རང་ཉིད་ཀྱང་ལོ་ན་མཐོ་བའི་དབང་གིས་མུ་མཐུད་དགེ་རྒན་གྱི་ལས་ལ་གཞོལ་ཐབས་བྲལ་ཏེ། སྐབས་ཤིག་རིང་ཁོང་གི་འཚོ་བ་དེ་སྐྱི་གཡའ་བའི་སྲོད་ཀྱི་རྨི་ལམ་དང་འདྲ་ཞིང་། མ་སྐྱེལ་ཀ་མེད་ཀྱི་འཇིག་རྟེན་འཚོ་བའི་ནང་དུ་ཁོང་ནི་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱུར”ཞེས། དུས་སྐབས་དེའི་ངག་དབང་རབ་དབྱངས་ཀྱི་འཚོ་བ་དེ་དཀའ་ངལ་ལམ། བྲེལ་བ་ཚ་པོ་འདུག་ཟེར་བ་ཙམ་མ་ཡིན་པར། སྐྱི་གཡའ་བའི་སྲོད་ཀྱི་རྨི་ལམ་དང་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མའི་དཔེར་བཀོད་ཡོད། གཞན་ཡང་། ཀྲུང་གོའི་གསར་འགྱུར་རྩོམ་ཕུད་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་སོ་གཅིག་པའི་སྐབས་སུ་བྱ་དགའ་ཨང་དང་པོ་ཐོབ་པའི་གསར་འགྱུར་རྩོམ་ཡིག《སྒྲོན་མེ་ལྟ་བུའི་སློབ་སྤྱི་ཡིས། བུ་མོ་མང་པོའི་མདུན་ལམ་གསལ》ཞེས་པ་ལས། “སློབ་ཁང་གི་བར་ཁྱམས་གང་སར། ཁོང་གི་སྐམ་ལ་རིད་པའི་རྒྱབ་གཟུགས་དེ། སྒྲོན་མེ་ཇི་བཞིན། ལུང་ཁུག་དེའི་བུ་མོ་མང་པོའི་ཕུགས་འདུན་དོན་གཉེར་གྱི་ལམ་བུ་གསལ”ཞེས། དགེ་རྒན་གང་དེ་སྒྲོན་མེའི་དཔེར་བཀོད་ཡོད་པ་ལྟ་བུ་མང་དུ་མཐོང་རྒྱུ་འདུག དེ་ན་དཔེ་ལ་སོགས་པའི་རྒྱན་དག་སྒྱུ་རྩལ་མཚོན་ཐབས་སུ་མི་འདོད་པ་ནི་རྒྱན་གྱི་མཚན་ཉིད་དང་བྱེད་ནུས་སོགས་ལ་ཆ་རྒྱུས་མེད་པ་རང་ཡིན་ལ། “དོན་རྒྱན་དང་སྒྲ་རྒྱན་དང་གབ་ཚིག་གི་རྒྱན་ཞེས་པ་སོགས་ཀྱི་རྒྱན་ནམ་སྒྱུ་རྩལ། ཞེས་པ་མཐར་གཏུགས་ན་འདོད་དོན་གང་ཡང་ལམ་དུ་འགྲོ་བྱེད་ཀྱི་ཐབས་ཡིན་ཞིང་། རྒྱན་ཡང་དེ་འདྲའི་ཚུལ་ལས་མ་འདས་ན་འཇོག་ན་མཉམ་འཇོག་དང་འགོག་ན་མཉམ་འགོག་ཏུ་འགྲོ་བ་ལས་རྒྱན་བཀག་ཤུལ་དུ་སྒྱུ་རྩལ་ཞེས་པ་ཞིག་ལོགས་ན་ལུས་ཐབས་མེད་པ་ཡིན”ཞེས་པར་ལྟར་རོ།

        སྒྱུ་རྩལ་གྱི་མཚོན་ཐབས་ལ་མང་པོ་ཞིག་ཡོད་པ་ལས་རང་རེའི་རྩོམ་གཞུང་དང་རྩོམ་ཡིག་ཁག་ཏུ་རྒྱུག་ཆེ་བ་ནི་སྙན་ངག་མེ་ལོང་མ་ལས་བསྟན་པའི་རྒྱན་དག་ཡིན་ཞིང་། “རྒྱུན་དུ་ཚིག་རྒྱན་རིག་པ་སོགས་ཀྱི་ཤེས་བྱར་སློབ་སྦྱོང་ནན་དུ་བྱེད་དགོས་ཀྱི་ཡོད། མི་ཁ་ཤས་ཀྱིས་གསར་འགྱུར་དང་སྙན་ངག་ནི་ཤ་དང་གྲི་བཞིན་ཁག་ཁག་རེད་སྙམ་མོད། ཚིག་རྒྱན་རིག་པ་ནི་སྙན་ངག་གི་གཞུང་ལུགས་ཤིག་དང་། སྙན་ངག་འབྲི་བའི་གདམས་ངག་ལྟ་བུ་ཞིག་ཡིན་པས། རྩོམ་ཡིག་གང་ཞིག་འབྲི་དགོས་ཀྱང་དེའི་ཚིག་སྦྱོར་གྱི་གནས་ལ་ཚིག་རྒྱན་རིག་པས་ལེགས་ཆ་ཆེན་པོ་ཐོན་ཡོད”ལ། མ་ཟད་རྩོམ་རིག་བརྩམས་ཆོས་ཡོད་དོ་ཅོག་ནི་གོ་བརྡ་སྤྲོད་པའི་གོ་རིམ་ཞིག་ཡིན་པས། འཇིག་རྟེན་གྱི་ཁ་དཔེར། “གཏམ་དཔེ་མེད་གོ་དཀའ། སྣོད་ལུང་མེད་འཇུ་དཀའ”ཞེས་པ་ལྟར་དོན་གང་ཞིག་སྟོན་པར་དཔེའམ་རྒྱན་གང་རུང་གིས་སྤྲས་པས་དེའི་མཛེས་པའི་ཉམས་ཀྱིས་ཀློག་པ་པོའི་ཡིད་དབང་འགུགས་པ་ཙམ་མིན་པར། བསྟན་བྱའི་དོན་དེ་གོ་བདེ་བའི་ནུས་པ་ཞིག་ཀྱང་ཡོད། གསར་འགྱུར་རྩོམ་ཡིག་གི་བླ་སྲོག་ཏུ་གྱུར་བའི་བདེན་པའང་གོ་བ་ལོན་པའི་རྨང་གཞིའི་ཐོག་ཏུ་བྱུང་བ་ཡིན་པས། གོ་བ་ཙམ་ཡང་མ་ལོན་ན་བདེན་རྫུན་ཞེས་པ་ཞིག་བཤད་སར་མི་འགྲོའོ།

        གསུམ། གསར་འགྱུར་རྩོམ་ཡིག་ལ་བརྒྱུད་བསྒྲགས་ཀྱི་ནུས་པ་དམིགས་བསལ་བ་ཡོད་དགོས་པས། དེར་རྒྱུས་མངའ་ཡོད་པ་དག་གིས་གོ་བ་ཙམ་གྱིས་མི་ཆོག་པར། དེར་རྒྱུས་མངའ་མེད་པ་དག་ལའང་གོ་བརྡ་སྤྲོད་ཐུབ་དགོས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། རྒྱན་ལ་བརྟེན་ནས་གང་བརྗོད་པར་འདོད་པའི་དོན་དེ་གོ་བདེ་བར་བརྡ་སྤྲོད་པ་དེའང་དོན་ཆུང་ཞིག་ག་ལ་ཡིན། “མཛེས་པ་སྣང་མེད་དུ་བཏང་བའམ། མཛེས་པ་ཁྱད་དུ་བསད་ན། བདེན་དགེ་གཉིས་ཀྱི་བརྒྱུད་བསྒྲགས་ཀྱི་གོང་ཐང་ཉམས་འགྲོ”ཞེས་གསུངས་པའང་བདེན་པའི་གཏམ་དུ་སྣང་།

        “རྩོམ་འབྲི་བ་ནི་བརྩམས་ཆོས་འགྲུབ་པའི་གལ་ཆེའི་བརྒྱུད་རིམ་ཞིག་ཡིན་ལ། ཕུལ་དུ་བྱུང་བའི་གསར་འགྱུར་རྩོམ་ཡིག་ནི་གསར་འགོད་པས་ཐོག་མཐའ་བར་གསུམ་དུ་མཛེས་པར་རེ་ཞིང་སྙེག་པའི་འབྲས་བུ་ཡིན”ཞེས་གསུངས་པ་ལྟར་ན། གསར་འགྱུར་རྩོམ་པོ་གང་དེས་མཛེས་པར་རེ་སྙེག་བྱེད་པའི་གལ་ཆེའི་རང་བཞིན་ངང་གིས་རྟོགས་ཡོང་ལ། མཛེས་པར་རེ་ཞིང་སྙེག་དོན་ནི་མཐར་ཐུག་ན་བརྩམས་ཆོས་ལ་རྒྱན་གྱིས་སྤྲོས་དགོས་པ་ཡིན། ཇི་སྐད་དུ་སློབ་དཔོན་དབྱུག་པ་ཅན་གྱིས“སྙན་ངག་མཛེས་པར་བྱེད་པ་ཡི། ཆོས་ནི་རྒྱན་ཞེས་བྱ་བར་བརྗོད”ཅེས་གསུངས་པ་ལྟར་རོ།

        རྒྱལ་ནང་གི་གསར་འགོད་པ་གྲགས་ཅན་མུའུ་ཆིང་གིས་གསར་འགྱུར་འགོད་སྤེལ་གྱི་སྒྲིག་གཞི་དང་རྣམ་པ་སྣ་མང་ཅན་དུ་བཏང་ནས། རང་དབང་དང་འཁྲུག་ཆ་ལྡན་པའི་ལྷུག་རྩོམ་གྱི་རྣམ་པར་སྤྱོད་དགོས་པའི་དགོངས་པ་ལྟར། རྒྱལ་ནང་དུ་དེ་འདྲའི་གསར་འགྱུར་རྩོམ་ཡིག་འབྲི་བའི་སྲོལ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་དུ་དར་ཡོད་པས། ང་ཚོས་སྲོལ་རྒྱུན་གྱི་གསར་འགྱུར་རྩོམ་ཡིག་འབྲི་སྟངས་དེ་ལས་ཐོད་ཀྱིས་བརྒལ་ནས། “སྒྱུ་རྩལ་རྩོམ་ཡིག་གི་རྒྱན་གྱི་སྤྲོས་ཐབས་དག་གཡར། གསར་འགྱུར་རྩོམ་ཡིག་གི་ཐུན་མིན་ཟུར་ཚད་ནས་ཁ་གསལ་གོ་བདེ་བའི་སྒྲིག་གཞི་དང་སྐད་ཆ་སྤྱད་ན་ཀློག་པ་པོའི་དང་བ་འདྲེན་ནུས་ལ། གསར་འགྱུར་གྱི་ཁྱད་ཆོས་བླ་ལྷག་ཏུ་མངོན་ཐུབ”ངེས་ཡིན། འདིར་ཡང་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་དོད་དུ། “ཚིག་རྒྱན་ནི་བརྩམས་ཆོས་གང་རུང་ཞིག་ལེགས་པོ་འབྱུང་བའི་རྒྱུ་ཡིན་ལ། ཞན་པར་འགྱུར་བའི་རྒྱུ་ཡང་ཡིན་པས”གསར་འགྱུར་རྩོམ་ཡིག་ལ་རང་གི་ཁྱད་ཆོས་དང་འཚམ་པར་རྒྱན་གྱིས་སྤྲོས་རྒྱུ་ནི་གལ་ཆེ་སྟེ། མཐའ་རུ་ལྷུང་བ་ནི་འཇིག་རྟེན་བྱ་བ་ཀུན་གྱི་འཛེམ་བྱ་ཡིན་པ་ཀུན་གྱིས་ཤེས་གསལ་ལོ།

        མཇུག་བསྡུ་བ། དོན་བསྡུས་ན། རྩོམ་ལུས་བྱེ་བྲག་པ་རེ་རེར་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་ལ། ལྷག་པར་དུ་གསར་འགྱུར་རྩོམ་ཡིག་ནི“རྩོམ་རིགས”ལས་ལོགས་སུ་ཕྱུང་ཟིན་ཞིང་། དེར་རྩོམ་ལུས་བྱིངས་ལས་ཐུན་མིན་གྱི་ཁྱད་ཆོས་མང་མང་ཞིག་ཡོད་མོད། འོན་ཀྱང་དེའང“རྩོམ་རིགས”ཤིག་ཡིན་པའི་ཆ་ནས་ཀློག་པ་པོས་བཀླགས་བྱ་ཞིག་ཡིན་པས། དེར་བློ་འགུག་གི་ནུས་པའི་རྒྱུ་རུ་གྱུར་པའི་རྒྱན་གྱི་ཆ་གཅིག་ཀྱང་མེད་ན། གང་དེའི་རེ་བ་འབྲས་མེད་དང་དམིགས་པ་གཏད་མེད་དུ་མི་འགྲོ་བའི་ངེས་པ་མེད་པས། མགོ་ལ་འཚམས་པའི་ཞྭ་དང་། རྐང་ལ་རན་པའི་ལྷམ་ཞེས་པ་ལྟར་རྩོམ་ལུས་རང་དང་འཚམ་པའི་རྒྱན་གྱིས་སྤྲས་ན། འཆད་པའི་དོན་སྒོ་ཚང་ཞིང་བསྒྲགས་པའི་ནུས་པ་ཐོན་པར་འདུག་གོ །

        (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་རྣམ་སྲས)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།