གངས་རི་ར་བས་བསྐོར་བའི་ཡུལ་ལྗོངས་འདིར། །
གངས་དཀར་ལྷུན་པོ་ལྕགས་རིའི་ཚུལ་བཞིན་འགྱིང་། །
གངས་རིའི་འདབས་ནས་སྐྱེས་པའི་བུ་མོ་ངས། །
གངས་ལྗོངས་ཡུལ་ལ་བསྟོད་པའི་མེ་ཏོག་གཏོར། །
མི་སྒུག་དུས་ཀྱི་ཕོ་ཉའི་བཀའ་ལུང་གིས། །
མི་སྡུག་དགུན་གྱི་སྟག་མོ་རྒྱང་སྤྲད་དེ། །
མི་ཡུལ་མཛེས་པའི་དཔྱིད་དཔལ་ལྷ་མོ་དེ། །
མི་ཡུལ་འདི་ལ་ཡང་བསྐྱར་གར་གྱིས་བསུས། །
དཔྱིད་དཔལ་བུ་མོའི་སྟངས་སྟབས་དང་འགྲོཌ་ནས། །
ཀུན་གསལ་ལྷ་ལམ་དབུས་ན་ལང་ལོང་དུ། །
སྦྲང་ཆར་སྦྲུམ་པའི་ཆུ་འཛིན་ཕོན་པོ་རེ། །
ལྷོ་ནས་བྱང་ལ་རྒྱུ་བའི་བཟོ་བཀོད་མཛེས། །
ད་དུང་བར་སྣང་སྤྲིན་ལམ་དཀྱིལ་དབུས་ན། །
ནུབ་རིར་བཞུད་པའི་རྟ་བདུན་དབང་པོ་དེ། །
འོད་ཟེར་སྟོང་གིས་ཕྱུག་པའི་གཟི་དཔལ་གྱིས། །
མི་ཡུལ་འདི་ལ་གསོན་ཤུགས་བླ་མེད་བསྐྲུན། །
མཐའ་ཡས་ནོར་འཛིན་ཚང་ཚིང་སྔོ་ལྗང་གི །
གོས་ལྭ་གསར་པ་མནབས་ཏེ་མཛེས་སྡུག་གི །
ལང་ཚོའི་དཔལ་ཡོན་ངོམ་བཞིན་སྐྱེ་དགུ་ལ། །
འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྦྱིན། །
ཚལ་དང་ཚང་ཚིང་ནགས་ཀླུང་སྟུག་པོའི་ཁྲོད། །
འདབ་ལྡན་རྐང་འཐུང་ལྗོན་པ་སྣ་ཚོགས་སྐྱེས། །
ཡལ་ག་རྒྱས་པའི་རྩེ་མོ་ལོ་མས་བརྒྱན། །
འབྲས་བུའི་ཁུར་གྱིས་ནོན་པས་མགོ་ལྕོག་དུད། །
ནགས་ཀླུང་ཁྲོད་ཀྱི་འདབ་ཆགས་སྣ་ཚོགས་ལས། །
དཔྱིད་ཀྱི་ཕོ་ཉའི་ངག་གི་དབྱངས་སྙན་དེ། །
རྒྱང་ཐག་ལེ་དབར་བརྒྱ་ཡི་མཚམས་སུ་ཡང་། །
སྐྱེ་དགུའི་ཡིད་སེམས་གསོ་བའི་དུང་སྒྲར་འཁུ། །
རྫ་ཆུ་བསིལ་མའི་རང་སྒྲ་ཤག་སེ་བཞུར། །
ཆུ་སྐྱེས་པདྨའི་འདབ་མ་ལྷུག་པོར་བཞད། །
རྒྱུ་སྐར་བདག་པོའི་རང་མདོག་དཀར་ལམ་མེ། །
མི་ཡུལ་འདི་ནི་སུམ་རྩེན་ཡུལ་དང་མཚུངས། །
ད་དུང་རྩྭ་ཆུ་འཛོམས་པའི་རྩྭ་ཐང་སྟེང་། །
རྟ་དང་ནོར་ལུག་དུད་འགྲོ་བག་ཕེབས་སུ། །
ཁྱུ་ཁྱུ་བྱས་ནས་རང་དགར་རོལ་བའི་དཔལ། །
དཔྱིད་ཀྱི་དགའ་སྟོན་འཛུམ་གྱིས་བསུ་བ་འདྲ། །
ཤེས་བྱའི་རིག་གནས་རྒྱས་པའི་གླིང་ཁ་འདིར། །
དཔྱིད་ཀྱི་དཔལ་མོའི་ལང་ཚོ་རབ་རྫོགས་པས། །
ཤེས་བརྩོན་ལས་ལ་འབད་པའི་སློབ་བུའི་ཚོགས། །
ཐོས་བསམ་སློབ་པའི་གནས་ལ་སྤྲོ་བས་འཇུག །