རབ་དཀར་སྐུ་ཡི་བདུད་རྩིའི་ཟེགས་མས་རྨོངས་བུའི་ཀུ་མུད་རབ་འབྱེད་སྐུ། །
རབ་སྙན་རྒྱུད་མངས་སྒྲོག་པ་ཙམ་གྱིས་སྲིད་ཞིའི་མྱ་ངན་ཀུན་འཇོམས་དབྱངས། །
རབ་ཡས་མི་ཟད་ཉམ་ཐག་འགྲོ་ལ་ཟག་མེད་ཐུགས་རྗེས་འབྱམས་ཀླས་ཐུགས། །
ཕུན་ཚོགས་དཔལ་དགེས་ཡོངས་སུ་ཕྱུག་པའི་མཚོ་བྱུང་མ་དེར་ཀུན་ནས་འདུད། །
མཐོ་མཐོ་རང་རྒྱལ་དོན་གཉེར་རྩེན་པའི་དཔོན་པོའི་རྗེས་འབྲང་མི་འཚལ་ལ། །
དམན་དམན་རྨོངས་འཐོམ་གསར་བུའི་ཚོགས་ལ་ཁྱད་གསོད་མེད་པ་བཏང་སྙོམས་བློས། །
ཉེ་རིང་ཕྱོགས་ལྷུང་གདོད་ནས་དག་ཅིང་ཉིད་ཀྱི་ཡོན་ཏན་ཇི་སྙེད་པ། །
དུས་ཀྱི་ཁུག་སོའི་བགྲོད་དུ་མ་བརླགས་ཚུལ་བཞིན་འཆང་བའི་བཤེས་གཉེན་དེ། །
ཙབ་ཙོབ་ཅ་ཅོའི་གཡེང་བར་མ་སོང་སྨྲ་བ་དབེན་ཞིང་ཐུགས་སྒམ་ཁར། །
བསེ་རུ་ཇི་བཞིན་དབེན་པར་སྤྲོ་ལ་ཕྱི་ནང་འདོད་ཡོན་ཅི་རིགས་པར། །
ཡེ་ནས་ཞེན་འཁྲིའི་བློ་དང་བྲལ་ཞིང་རྟག་ཆད་སྤྲོས་པའི་མཐའ་བྲལ་ལམ། །
ཉེ་བར་གཤེགས་པའི་བཤེས་གཉེན་གང་དེ་དོན་གཉེར་ཅན་ཚོའི་པད་མཚོར་དགྱེས། །
གངས་ཅན་ཀུན་གསལ་དབྱིངས་སུ་དགེ་མིང་འཛིན་པའི་རྒྱུ་སྐར་སྣ་ཚོགས་མོད། །
བཅོས་མིན་རིགས་ཞེན་འབའ་ཞིག་མངའ་སྟེ་རིགས་ཀྱི་བུ་སློབ་ལེགས་བསྐྱངས་ཏེ། །
འདི་ཕྱིའི་ལེགས་ཚོགས་མཐའ་དག་སྩོལ་བའི་འཇམ་མགོན་མི་ཡི་རྣམ་རོལ་ཁྱེད། །
བགྲང་ཡས་རྒྱུ་སྐར་ཚོགས་ཀྱི་དབུས་ནས་འོད་དཀར་ཅན་བཞིན་ཀུན་ནས་བཀྲ །
འཆད་པའི་ཚེ་ན་དཔྱད་གསུམ་དག་པའི་ལུང་རྟོགས་ནོར་བུའི་མཛོད་བརྙེས་ཤིང་། །
རྩོད་པའི་ཚེ་ན་ལོག་སྨྲའི་དཔུང་སྡེའི་ཀུན་རྟོག་དྲུངས་ནས་ཕྱུངས་ངེས་ལ། །
རྩོམ་པའི་གནས་ཀྱང་མདོ་དོན་ཟབ་ལ་སྡེབ་སྦྱོར་ཉམས་ཀྱིས་བསྟི་བའི་གནས། །
དཔྱོད་ལྡན་ཡིད་འཕྲོག་ཁྱེད་ཀྱི་ཕྱོགས་སུ་དད་མགུའི་སོར་བཅུ་མི་ཟུམ་སུ། །
རབ་འབྱམས་གཞུང་བརྒྱའི་རང་བཞིན་ཟབ་མོར་ཟླ་མེད་མཁྱེན་པའི་ཀློང་རྡོལ་མོད། །
ཁེངས་དྲེགས་སྙེམས་པའི་གཡུ་རལ་འདོར་ཏེ་རང་གཞན་རིགས་པའི་རྣམ་གྲངས་ཀུན། །
ཕྱོགས་རིས་གདོན་གྱི་གཡུལ་ལས་རྒྱལ་ཏེ་དག་སྣང་འོ་ཆུ་བསྲེས་བཞིན་དུ། །
ཡོན་ཏན་འཚོལ་བར་ལྷོད་པ་མེད་པའི་ཁོ་བོའི་བཤེས་གཉེན་ཨེ་མ་རྨད། །
གང་གི་ལེགས་བཤད་སྣང་བའི་སྟོབས་ཀྱིས་རྨོངས་མུན་འཇོམས་ལ་ཆེས་དཔའ་ཞིང་། །
སྣ་ཚོགས་འདུས་བྱའི་སྣ་ཚོགས་མྱུ་གུར་སྣ་ཚོགས་བདུད་རྩིའི་ཆར་འཇོ་བའི། །
གང་ལ་གང་འདུལ་ཐབས་ཀྱིས་རྩེན་པའི་བཤེས་གཉེན་ཀླུ་ཡི་དབང་པོ་དེར། །
བསམ་སྦྱོར་དྲག་པོས་ཀུན་ནས་མཆོད་དེ་རྟག་དུས་བརྩེ་བས་རྗེས་འཛིན་གསོལ། །
ཇི་ལྟར་བགྲང་བྱའི་ཁུར་གྱིས་ནོན་ཞིང་སྣོད་བཅུད་འགལ་རྐྱེན་ཅི་རིགས་ཁྲོད། །
བཅོས་མིན་ཐུགས་བརྩེས་སྐྱོ་ངལ་སྤངས་ཏེ་རང་སྡེའི་སློབ་གསོའི་སྐྱེད་ཚལ་ཁྲོད། །
བཀའ་བས་བསཌ་པའི་མང་ཐོས་ནོར་ཡང་འཇུངས་མེད་ལེགས་སྦྱར་ཡོངས་མཛད་པའི། །
བཤེས་གཉེན་ཡིད་ཀྱི་དེད་དཔོན་གང་དེ་གངས་རིའི་ལྗོངས་འདིར་གསོས་སུ་སྨིན། །
མདོར་ན་མཁྱེན་བརྩེའི་དཀྱིལ་འཁོར་རྫོགས་པའི་དཔལ་མགོན་བཤེས་གཉེན་དམ་པ་ཡི། །
སྐུ་ཚེའི་ཞབས་པད་སྲིད་མཐར་བརྟན་ཅིང་ཀུན་ནས་མཛད་འཕྲིན་རྒྱས་གྱུར་ཁར། །
དཔོན་སློབ་ཚོགས་ཀྱང་དམ་ཚིག་གཙང་ལ་དྲི་མེད་སྨོན་ཚིག་ཟབ་མོའི་མཐུས། །
ལེགས་བཤད་བདུད་བརྩིའི་དཔལ་ལ་རོལ་བཞིན་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །
-- --