བོད་་ཀྱི་དཔེ་མཚོན་གསུམ་2022ལོའི“མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་མཚོན”ལ་བདམས་པ།
མངོན་མིན་རིག་གནས་ཤུལ་བཞག་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་ཆེད། རིག་གནས་དང་ཡུལ་སྐོར་པུའུ་དང་། མི་སྤྱི་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་མཚོན”འོས་སྦྱོར་ལས་དོན་མཉམ་དུ་སྤེལ་བ་དང་། ས་གནས་ཁག་གིས་འོས་སྦྱོར་འདུན་ཞུ་བྱས་པའི་རྨང་གཞིའི་ཐོག་ཞིབ་དཔྱད་དང་ཡོངས་བསྒྲགས་བྱས་པ་བརྒྱུད། 2022ལོའི“མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་མཚོན”66གཏན་འཁེལ་བྱས་ཤིང་། དེའི་ནང་ནས་བོད་ལྗོངས་སྤང་རྒྱན་མེ་ཏོག་བོད་རུམ་སྲོལ་རྒྱུན་འཁལ་འཐག་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དང་། གཞིས་རྩེ་ཐུ་གུ་གཞིས་ཀའི་སྲོལ་རྒྱུན་བརྐོས་རྒྱག་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་། བོད་ལྗོངས་ཞོལ་འདོད་དཔལ་བརྐོས་རྒྱག་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་བཅས་དཔེ་མཚོན་3བདམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁོར་ཡུག་སྲུང་སྐྱོང་ཐད་བོད་ལྗོངས་སྤང་རྒྱན་མེ་ཏོག་བོད་རུམ་སྲོལ་རྒྱུན་འཁལ་འཐག་ལག་ཤེས་བཟོ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གིས་རང་བྱུང་རྒྱུ་ཆ་སྤྱད་པ་དང་། ས་གནས་དེ་གའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་དུས་མཚུངས་འཛད་སྤྱོད་པར་ཐཱན་ཉུང་གི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་བརྒྱུད་སྤྲོད་བྱས་པ་དང་། མི་རིགས་ཀྱི་རིག་གནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་བོད་ལྗོངས་ཞོལ་འདོད་དཔལ་བརྐོས་རྒྱག་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་བརྐོས་རྒྱག་གི་ནང་དོན་གྲས་སུ་རྒྱ་རིགས་དང་། བོད་རིགས། འཇང་རིགས་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚུད་པ་མ་ཟད། མི་རིགས་མི་འདྲ་བའི་ལག་ཤེས་བཟོ་རྩལ་བས་མཉམ་དུ་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་རང་རྒྱལ་གྱི་མི་རིགས་མང་པོའི་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཤེས་རྟོགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཚོས་ཡོངས་ཁྱབ་ངང་ལག་རྩལ་ཁོ་ནར་དོ་སྣང་བྱེད་པ་དང་། དྲིལ་བསྒྲགས་དང་ཕྱིར་ཚོང་ལ་སྣང་ཆུང་བྱེད་པ། ཁྲོམ་ར་རྒྱ་སྐྱེད་གཏོང་བའི་ནུས་པ་མི་འདང་བ་བཅས་ཀྱི་ཞན་ཆར་དམིགས་ནས་ས་གནས་ཁག་གི་སྲོལ་རྒྱུན་དུས་ཆེན་གྱི་བྱེད་སྒོར་བརྟེན་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་བཏོད་ནས་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཀྱི་ཁྲོམ་རའི་ཤུགས་རྐྱེན་ཆེ་རུ་བཏང་བ་རེད།