དབུ་ཤོག>བོད་ཀྱི་རིག་གནས།
  • རྒྱུ་སྤུས་ལེགས་ཤིང་མཚར་སྡུག་རྣམ་པར་བཀྲ་བའི་བོད་རུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-20

    བོད་རུམ་གྱི་རྒྱུ་སྤུས་ལེགས་ལ་སྤྱོད་ཤེད་ཆེ་བ་དང་མེ་ཏོག་དང་རི་མོ་ཧ་ཅང་སྣ་མང་ཕུན་སུམ་ཚོགས་པས། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེ་ཡང་བོད་རུམ་དང་། ཏ་ཟིག་གི་རུམ། ཐུར་ཁེའི་རུམ་བཅས་ནི་འཛམ་གླིང་ལ་སྙན་གྲགས་ཤིན་ཏུ་ཆེ་བའི་རུམ་གདན་ཆེན་པོ་གསུམ་རེད།

    བོད་རུམ་གྱི་སྤྱོད་གོ་ཆེ་བས་ཁ་གདན་དང་། ས་གདན། རྒྱབ་བསྙེས། སྔས་འབོལ། འགེལ་རུམ་སོགས་ཡོད་ལ། ཁལ་མའི་སྒ་གདན་དང་སྒོ་ཟོག་ཆེ་གྲས་ཀྱི་མགོ་རྒྱན་དང་རྔ་རྒྱན་དང་དེ་བཞིན་ཐོན་རྫས་གཞན་དག་ཁག་གཅིག་ཀྱང་བཟོ་རྩལ་དེའི་གྲས་སུ་འདུས་ཀྱི་ཡོད།

    དུས་རབས་15པའི་དུས་དཀྱིལ་དུ་རྒྱལ་རྩེའི་ཁ་གདན་ཐོན་སྐྱེད་ལ་གཞི་ཁྱོན་གང་ཙམ་ཆགས་ཡོད་ཀྱང་། ཁ་གདན་ལ་དང་ཐོག་རི་མོ་མེད་ལ་ཚོན་མདོག་ཀྱང་དེ་ཙམ་མང་པོ་མེད། ཕྱིས་སུ་ཐང་ག་དང་། ལྡེབས་རིས། དེ་བཞིན་གོས་ཆེན་སྟེང་གི་ཚོན་མདོག་དང་རི་མོར་དཔེ་བལྟས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་མང་པོ་ཇུས་འགོད་བྱས་པ་དང་འཐག་རྩལ་ཡང་ཇེ་ལེགས་སུ་ཕྱིན་པས། རྒྱལ་རྩེ་དེ་ཉིད་བོད་ཀྱི་ཁ་གདན་ཐོན་ཡུལ་གཙོ་བོ་ཞིག་ཏུ་གྱུར་པ་རེད།

    བལ་དང་ཁུ་ལུ་སྤྱད་ནས་བཏགས་པའི་བོད་རུམ་ལ་་འཐེན་ཤེད་ཆེ་བ་དང་འཇམ་རྩུབ་སྙོམས་པའི་ཁྱད་ཆོས་བཟང་པོ་ལྡན་ཡོད། རི་མོའང་སྣ་མང་ཕུན་སུམ་ཚོགས་ཤིང་དེའི་ཁྲོད་རི་མོ་རྐྱང་པར་འབྲུག་དང་། བྱ། ཁྲུང་ཁྲུང་བཅས་དང་དེ་བཞིན་བཀྲ་ཤིས་མཚོན་པའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་སོགས་ཡོད་པ་དང་། རི་མོ་མཉམ་བསྲེས་ལ་བཀྲ་ཤིས་གཡུང་དྲུང་དང་། ཊམ་ག ཉི་ཟླ། བཀྲ་ཤིས་རྟགས་བརྒྱད། གཡུ་འབྲུག་ཁ་སྤྲོད། བྱ་འབྲུག་ཁ་སྤྲོད་སོགས་ཡོད།

    བོད་རུམ་འཐག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས་ཉེ་བའི་ལོ་ཤས་རིང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་ཁང་ནས་གཞི་ཁྱོན་ངེས་ཅན་ལྡན་པའི་བཟོ་གྲྭར་གྱུར་ཡོད་ཀྱང་། རུམ་གདན་འཐག་སྐབས་གཙོ་བོ་སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་གཙོ་བོར་བྱེད་པ་དང་། སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་ཚོན་མདོག་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཚོས་གཞི་སྤེལ་སྐབས་ཀྱང་དེ་སྔའི་བཅུ་གྲངས་ལྷག་ནས་ད་ཆའི་བརྒྱ་གྲངས་བར་མང་དུ་ཕྱིན་ཡོད། སྤྱིར་ན་ཚོན་མདོག་མང་ཆེ་བ་སྔར་བཞིན་སྣུམ་པོ་དང་བབ་ཆགས་པོ་ཡོད། བོད་རུམ་ལ་ཚོས་རྒྱག་སྐབས་གཙོ་བོ་རྩྭ་རྩི་ཤིང་དང་རྡོ་ཚོན་སྤྱད་པས་འཇམ་ལ་ཚོས་གཞི་མ་ལོག་པ་དང་མདོག་མི་ལོག་པར་གསར་པ་ལྟར་དུ་གནས་ཀྱི་ཡོད་ལ། ཁོར་ཡུག་ལའང་གནོད་ཀྱི་མེད། འོན་ཀྱང་ཚོས་རྒྱག་པའི་རྒྱུ་ཆ་དེ་དག་བསྡུ་རུབ་དང་ལས་སྣོན་བྱེད་པར་དུས་ཚོད་མང་པོ་དགོས་པ་དང་རྙོག་དྲ་ཆེན་པོ་ཡོད། ཡིན་ནའང་རྒྱུ་མཚན་དེའི་དབང་གིས་བོད་རུམ་དེ་བས་རྩ་ཆེ་རུ་སོང་སྟེ་མི་རིགས་ཀྱི་མཆོག་ནོར་ལ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།