འགྱུར་ཡིག་ཚད་ལྡན་ཡོང་ཐབས་སྐོར་རགས་ཙམ་གླེང་བ།
ཡིག་སྒྱུར་ནི་སྔར་ནས་ད་བར་འཛམ་གླིང་མི་རིགས་དབར་བསམ་བློ་བརྗེ་རེས་དང་སྤེལ་རེས་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན། མི་རིགས་ཤིག་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཡོང་དགོས་ན་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་འོག་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ཀྱི་ཉིང་བཅུད་ལེན་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་དུ་གྱུར་ཡོད། འོ་ན། སྔོན་ཐོན་རིག་གནས་དེ་དག་གི་ཉིང་བཅུད་ལེན་པར་ཐབས་ལམ་ཡག་ཤོས་ནི་ཡིག་སྒྱུར་བྱ་བ་དེ་ཁོ་ན་ལས་མ་འདས་སོ། འདིར་འགྱུར་ཡིག་ཚད་ལྡན་ཡོང་ཐབས་སྐོར་རགས་ཙམ་གླེང་བར་བྱ།
གཅིག འགྱུར་ཡིག་ཚད་ལྡན་ཡོང་བར་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ལེན་རྒྱུ་ནི་སྔོན་འགྲོ་ཡིན།
ཡིག་སྒྱུར་བྱ་བར་གཙོ་བོ་གོ་རིམ་གཉིས་ཡོད་དེ། མ་ཡིག་ལ་གོ་བ་ལེན་པ་དང་། མ་ཡིག་མཚོན་པར་བྱ་རྒྱུ་དེ་ཡིན། དེར་བརྟེན་བོད་རྒྱ་ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་ང་ཚོས་ཐོག་མར་མ་ཡིག་ལ་གོ་བ་ཡང་དག་པ་ཞིག་ལེན་དགོས། ཡིག་སྒྱུར་བྱ་བའི་ཁྲོད་མ་ཡིག་ལ་གོ་བ་ལེན་པ་ནི་ཁང་པ་ཞིག་སྐྲུན་པའི་རྩིག་རྨང་ལྟ་བུ་ཡིན་པས་འགྱུར་ཡིག་གི་སྤུས་ཚད་ཡག་པོ་ཡོང་མིན་གྱི་འགག་རྩའི་གྲས་ཤིག་ཡིན། དེར་བརྟེན་ང་ཚོས་མ་ཡིག་ལ་གོ་བ་ལེན་སྐབས་ཚིག་ངོས་དང་ཚིག་རྐྱང་ཁོ་ནར་གོ་བ་བླངས་ནས་མ་བསྒྱུར་བར་རིག་གནས་ཀྱི་རྒྱབ་ལྗོངས་དང་རིག་གནས་ཀྱི་ཁྱད་པར་སོགས་ཀྱི་ཤེས་བྱ་ངེས་ཅན་ཞིག་ཤེས་པར་བྱེད་དགོས། གང་ལགས་ཤེ་ན། མི་རིགས་མི་འདྲ་བའི་ཡུལ་གོམས་གཤིས་ལུགས་དང་རིག་གནས་སོགས་གང་ཅིའི་ཐད་ཁྱད་པར་ངེས་ཅན་ཡོད་པས་སོ། དེ་ཡང་འཛམ་གླིང་ཁྱོན་དུ་མི་རིགས་ཁག་ལ་རང་སོ་སོའི་རིག་གནས་ཀྱི་ཆ་རྐྱེན་དང་མཐུན་པའི་སྐད་ལུགས་ཡིག་སྲོལ་མི་འདྲ་བ་རེ་ཆགས་ཡོད། རང་ཅག་གངས་ཅན་ཡུལ་ལ་མཚོན་ན། སྐད་ལུགས་ཡིག་སྲོལ་ཐད་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། ཡུལ་གོམས་གཤིས་ལུགས། ཆོས་ལུགས་དད་ཞེན། རིན་ཐང་ལྟ་བ་སོགས་ཀྱི་གཞི་ལས་གྲུབ་པའི་སྐད་རིགས་གཞན་དང་མི་གཅིག་པའི་སྒྲ་སྦྱོར་ཡི་གེའི་བརྡ་དག་དང་། ཐ་སྙད་འཇུག་པར་བྱེད་པའི་ཆོས། བརྗོད་པའི་སྤྱོད་ཡུལ་གྱི་གནས་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་པ་དེ་དང་རྒྱའི་སྐད་ཡིག་གི་བརྗོད་དོན་མཚོན་སྟངས་ཐད་མི་མཐུན་པའི་ཆ་མང་པོ་མཆིས། ཨ་རིའི་ལོ་ཙཱའི་གཞུང་ལུགས་མཁས་དབང་ནཱ་ཡེའུ་ཅིང·ནེ་ཏཱས(尤金·奈达)“ལོ་ཙཱ་ནི་རིག་གནས་མི་འདྲ་བ་གཉིས་བརྗེ་རེས་བྱེད་པའི་ལས་དོན་ཞིག་ཡིན་པ་དང་། འགྱུར་ཡིག་ཚད་ལྡན་ཞིག་ཡོང་དགོས་ན་ལོ་ཙཱ་བས་རིག་གནས་མི་གཅིག་པ་གཉིས་ལ་རྒྱུས་མངའ་གསལ་པོ་ཡོད་པ་བྱ་རྒྱུ་དེ་སྐད་རིགས་མི་འདྲ་བ་གཉིས་ལ་བྱང་ཆུབ་པ་ལས་དེ་བས་གལ་ཆེའོ། གང་ལགས་ཤེ་ན་མིང་ཚིག་གང་འདྲ་ཞིག་ཡིན་རུང་རིག་གནས་ཀྱི་གཞི་རྟེན་ལས་འགྲུབ་དགོས་པ་ཡིན”ཞེས་གསུངས་པ་ལྟར་ལོ་ཙཱའི་བྱ་བ་གང་འདྲ་ཞིག་ཡིན་རུང་ལོ་ཙཱ་བས་ཡིག་རིགས་གཉིས་ཀྱི་རིག་གནས་ལ་རྒྱུས་མངའ་མེད་ཕྱིན། མ་ཡིག་གི་བརྗོད་བྱ་ལས་བསྟན་པའི་དོན་རྣམས་ཡང་དག་པར་རྟོགས་མི་སྲིད་ལ་མ་ཡིག་གི་བསྟན་དོན་ཇི་བཞིན་བུ་ཡིག་ཏུ་ཕབ་སྒྱུར་ཡང་མི་ཐུབ། དཔེར་ན་རྒྱ་ཡིག“红色歌曲”ཞེས་པའི་“红色”ཡི་ཚིག་རྐྱང་མའི་གོ་དོན་ནི་མཚོན་མདོག་དམར་པོའི་དོན་ཡིན་པས། ལོ་ཙཱ་བ་ཁག་གཅིག་གིས་མ་ཡིག་གི་བསྟན་བྱའི་དོན་དངོས་སམ་རྒྱབ་ལྗོངས་ལ་གོ་བ་དཔྱིས་ཕྱིན་པ་མ་ལོན་པས་འགྱུར་ཡིག་ཏུ་དམར་པོའི་གླུ་གཞས་ཞེས་བཞད་གད་སློང་བའི་འགྱུར་མི་དག་པ་ཐོན་བཞིན་ཡོད། སྤྱིར་བཏང་གི་ཡིག་སྒྱུར་སྐབས་ཀྱི་མ་ཡིག་ལ་གོ་བ་ལེན་པའི་གོ་རིམ་ལ་ཐོག་མའི་མ་ཡིག་ཀློག་པ་དང་། མ་ཡིག་ཞིབ་ཀློག མ་ཡིག་ལ་བརྩོན་ཞིབ་བཅས་དུས་རིམ་གསུམ་དུ་དབྱེ་ཡོད། དུས་རིམ་དང་པོར་ཐོག་མར་མ་ཡིག་ཀློག་དགོས་ཤིང་། དུས་རིམ་འདིར་ལོ་ཙཱ་བས་མ་ཡིག་གི་ནང་དོན་རགས་བསྡུས་ཁོང་དུ་ཆུད་པར་བྱས་ཏེ་ཡིག་སྒྱུར་གྱི་དཀའ་སླའི་ཚད་ལ་རྒྱུས་མངའ་ལོན་པར་བྱེད་དགོས། དུས་རིམ་གཉིས་པའི་མ་ཡིག་ཞིབ་ཀློག་སྐབས་མ་ཡིག་གི་ནང་དོན་གཙོ་བོ་དང་། དུམ་མཚམས། དེ་བཞིན་རྩོམ་ཡིག་གི་བསམ་བློའི་ནང་དོན་སོགས་ཁོང་དུ་ཆུད་པར་བྱས་ཏེ་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་གང་དག་གྲ་སྒྲིག་བྱེད་དགོས་ལུགས་ཤེས་རྟོགས་ཐུབ་པར་བྱེད་དགོས། དུས་རིམ་གསུམ་པར་མ་ཡིག་ལ་ཞིབ་འཇུག་བྱེད་སྐབས། ལོ་ཙཱ་བས་ཡིག་སྒྱུར་བྱེད་དཀའ་བའི་དུམ་བུ་དང་ཚིག་དབར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཐ་སྙད་ཀྱི་ཚིག་དོན་རྐྱང་པ་དང་དོན་མང་ཚིག་གི་བསྟན་བྱའི་དབར་གྱི་འབྲེལ་བ་དང་། ཚིག་གྲུབ་དབར་གྱི་འབྲེལ་བ་སོགས་ལ་གོ་བ་དཔྱིས་ཕྱིན་པ་ལེན་དགོས། གལ་ཏེ་རྒྱ་བོད་ཚིག་མཛོད་ཁོ་ནར་གཞི་བཅོལ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་དང་རིག་གནས་ལས་བརྒལ་བའི་འདུ་ཤེས་མེད་ཕྱིན་རིག་གནས་དབར་གྱི་འགལ་བའི་ཁྲོད་འགྱུར་ཡིག་ལ་ནོར་འཛོལ་ཤོར་ནས་བཞད་གད་ཀྱི་རྒྱུར་འགྱུར་བ་ནི་དོན་ཆུང་ཡིན་ཡང་གསར་འགྱུར་ལོ་ཙཱའི་དམིགས་བསལ་དོན་ཆེན་ཁྲོད་འགལ་བ་ཆེན་པོ་བཟོས་ཕྱིན་དེ་ནི་དོན་ཆེན་ཞིག་རེད།
གཉིས། འགྱུར་ཡིག་ཚད་ལྡན་ཡོང་བར་སྒྱུར་བྱེད་སྐད་ཡིག་བརྗོད་པ་བདེ་ཞིང་གོ་བདེ་ལ་བརྡ་སྤྲོད་དང་མཐུན་པ་ཞིག་དགོས་པ།
ང་ཚོས་རྒྱུན་དུ་ནས་ཡིག་སྒྱུར་བྱེད་སྐབས་མ་ཡིག་གི་བསྟན་དོན་ཆ་ཚང་བ་བུ་ཡིག་ཏུ་མཚོན་ཐུབ་པར་དོ་སྣང་བྱེད་པ་མ་ཟད། ད་དུང་བསྒྱུར་ཟིན་པའི་ཐ་སྙད་དང་མིང་ཚིག་དེ་དག་སྒྱུར་བྱེད་སྐད་ཡིག་ཏུ་བཀོལ་སྤྱོད་བྱེད་བདེ་པོ་ཡོང་མིན་ལ་བསམ་གཞིག་བྱེད་དགོས་པ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། 《སྒྲ་སྦྱོར་བམ་གཉིས》ལས་དམ་པའི་ཆོས་སྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བ་བགྱིས་ཤིག་ཅེས་གསུངས་པ་ལྟར་རང་རེ་ལོ་ཙཱ་བའི་ཚོགས་ཀྱིས་བསྒྱུར་ཟིན་པ་དེ་དག་བོད་མིས་དང་ལེན་བྱེད་བདེ་བ་ཞིག་ཡོང་བར་མནོ་བསམ་བཞེས་དགོས། གང་ཡིན་ཟེར་ན། གལ་ཏེ་ཁྱེད་ཀྱིས་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ལེན་པ་གང་ཞིག་གང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རིག་གནས་ཀྱི་ཁྱད་པར་སོགས་ལའང་རྒྱུས་མངའ་ཆེན་པོ་བྱུང་ཡང་། བུ་ཡིག་ཏུ་ཕབ་བསྒྱུར་བྱས་པ་དེ་བུ་ཡིག་ཀློག་པ་པོས་དང་ལེན་བྱེད་མི་ཐུབ་པའམ་ཡང་ན་བརྡ་སྤྲོད་དང་མི་མཐུན་ཚེ་ཁྱེད་ནས་ཡིག་སྒྱུར་བྱས་པ་དེ་སྤུས་དག་པ་ཞིག་ག་ལ་ཡོང་སྟེ་ཡོང་མི་སྲིད། དེས་ན་སྒྱུར་བྱེད་སྐད་ཡིག་བརྗོད་པ་བདེ་ཞིང་བརྡ་སྤྲོད་དང་མཐུན་པ་ཞིག་དགོས་ན་སྒྱུར་བྱེད་སྐད་ཡིག་དེའི་ཆུ་ཚད་དེ་བས་མཐོ་བ་དགོས་སྙམ། གང་ལགས་ཤེ་ན། མིག་སྔར་བོད་ཀྱི་ཚགས་པར་ཆེ་ཆུང་ཁག་དང་དེ་བཞིན་དུས་དེབ་རེ་ཟུང་དུ་བཀོད་པའི་ཡིག་སྒྱུར་བརྩམས་ཆོས་མང་པོ་ཞིག་གི་ཚིག་སྦྱོར་ལེགས་པོ་མེད་པ་དང་། ཕྲད་སྦྱོར་སྟངས་མི་ལེགས་པ་སོགས་ཀྱི་སྣང་ཚུལ་མཐོང་རྒྱུ་ཡོད་ཅིང་། རྒྱུན་དུ་ང་ཚོས་ཡིག་སྒྱུར་ལེགས་པོ་མ་བྱུང་བའི་རྩོམ་ཡིག་མང་པོ་ཞིག་གི་སྐྱོན་གཙོ་བོ་ནི་བོད་ཀྱི་བརྡ་སྤྲོད་ལ་བྱང་པ་དེ་ཙམ་མེད་པར་ཡིག་སྒྱུར་བྱས་པ་ལས་བྱུང་བའི་མཇུག་འབྲས་སུ་མངོན་བཞིན་ཡོད། དཔེར་ན་ལོ་ཙཱ་བ་མང་པོ་ཞིག་གི་བོད་སྐད་ཡིག་གི་བྱང་ཚད་དང་དེ་བཞིན་བོད་ཡིག་ཐ་སྙད་ཁོང་དུ་ཆུད་ཚད་ཅུང་དམའ་པོ་ཡིན་སྟབས། མ་ཡིག་དུམ་བུ་ཞིག་གི་ཐ་སྙད་བོད་སྐད་ཐ་སྙད་དུ་ཕབ་སྒྱུར་བྱེད་སྐབས་རང་ལ་དགོས་པའི་ཐ་སྙད་དེ་ཚིག་མཛོད་ཁོ་ནར་བརྟེན་ནས་ཕབ་སྒྱུར་བྱེད་ཀྱི་ཡོད་ཅིང་། སྤྱིར་ཚིག་མཛོད་ནས་དྲངས་པའི་ཐ་སྙད་དེར་གོ་དོན་ལྡོག་པའི་སྐྱོན་ཡོད་མི་སྲིད་ཀྱང་། བོད་ཡིག་གི་མིང་ཚིག་ཕུན་སུམ་ཚོགས་པ་དང་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་པའི་ཐ་སྙད་ཧ་ཅང་མང་པོ་ཡོད་གཤིས། ཐ་སྙད་དེ་དག་ལས་གང་ལ་དེ་འཚམ་ཞིག་མ་བྱུང་ན། མིང་ཚིག་འཇུག་པ་བདེ་པོ་མེད་པའི་སྣང་བ་རང་དགར་མངོན་གྱི་ཡོད། དེ་བཞིན་དུ་བོད་སྐད་ཡིག་གི་ཚིག་ཕྲད་ལ་དོན་སྔ་ཕྱི་འདྲེན་པ་དང་། བརྗོད་བྱའི་དོན་གཞན་སྟོན་པའམ། དོན་ལྷག་མ་སྟོན་པ་སོགས་འབྲེལ་ཟམ་གྱི་ནུས་པ་དང་བརྗོད་དོན་ཇེ་གསལ་དུ་གཏོང་བའི་ནུས་པ་ལྡན་ཡོད་མོད། ལོ་ཙཱ་བའི་བོད་སྐད་ཡིག་གི་བྱང་ཚད་མཐོ་པོ་མེད་པའི་རྐྱེན་ལས། ཡིག་སྒྱུར་བརྩམས་ཆོས་སུ་ཏེ་དེ་སྟེ་དང་ཅིང་ཞིང་ཤིང་སོགས་བསྟུད་མར་བཅུག་པ། ཡང་ན་བྱེད་འབྲེལ་གྱི་ཕྲད་བསྡུ་དགོས་སར་བསྡུ་མི་ཐུབ་པར་ཨ་ན་ཨུ་ཚུགས་བྱས་པས་སྒྱུར་རྩོམ་གྱི་བརྗོད་པ་མི་བདེ་བའི་སྣང་ཚུལ་ཐོན་གྱི་ཡོད། དེར་བརྟེན་སྒྱུར་བྱེད་སྐད་ཡིག་བརྗོད་པ་བདེ་ཞིང་གོ་བདེ་ལ་བརྡ་སྤྲོད་དང་མཐུན་པ་དང་འགྱུར་ཡིག་གི་སྤུད་ཚད་ལེཌ་པོ་ཞིག་དགོས་ན་ངེས་པར་དུ་བོད་སྐད་ཡིག་གི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས་པ་རྒྱ་བོད་ལོ་ཙཱ་བར་མཚོན་ན་ཁ་ཚ་དགོས་གཏུགས་ཤིག་ཏུ་མཐོང་ངོ་།
གསུམ། འགྱུར་ཡིག་ཚད་ལྡན་ཡོང་བར་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་འབད་དགོས་པ།
ཇི་སྐད་དུ་ལྕང་སྐྱ་རོལ་པའི་རྡོ་རྗེས། “ལོ་ཙཱ་བ་དུ་མས་སོ་སོ་རང་རང་གི་འདོད་པས་ཐ་སྙད་མི་མཐུན་པ་སྣ་ཚོགས་སྦྱར་ཚེ་ཐོས་བསམ་བྱེད་པ་རྣམས་ཀྱིས་རྟོགས་དཀའ་བ་སོགས་ཉེས་པ་དུ་མའི་གཞིར་གྱུར་རོ”ཞེས་གསུངས་པ་ལྟར་ད་ལྟའི་དུས་སུ་ཐ་སྙད་མི་མཐུན་པ་དང་མིང་བརྡ་གཅིག་གྱུར་གྱི་ཕྱོགས་སུ་ཡིད་འཇོག་དེ་ཙམ་མི་བྱེད་པ་མ་ཟད། གཅིག་གྱུར་བཅོས་ཟིན་པ་ལག་ལེན་གྱི་ཁྲོད་དུ་མི་སྤྱོད་པ་སོགས་ཀྱི་སྣང་ཚུལ་ལས་ཀློག་པ་པོར་ཚད་འཛིན་སའི་མིང་ཚིག་གི་གཞི་མེད་པར་འགྱུར་བཞིན་འདུག ཡིག་སྒྱུར་ཁྲོད་ང་ཚོས་མ་ཡིག་གི་དོན་དང་མི་འགལ་ཞིང་གོ་བདེ་བའི་མིང་བརྡ་གསར་དུ་བཟོ་བའམ་ཡང་ན་གསར་དུ་བཟོས་ནས་བཀས་བཅད་ཟིན་པ་རྣམས་གཅིག་གྱུར་གྱིས་བཀོལ་སྤྱོད་བྱེད་པ་ནི་འགྱུར་ཡིག་ཚད་ལྡན་ཡོང་བའི་ཐབས་ལམ་ཞིག་ཏུ་སེམས། ཐད་སྙད་གཅིག་གྱུར་ཡོང་ཐབས་ལའང་ཐོག་མར་ང་ཚོས་ཐ་སྙད་གསར་པ་རྣམས་མང་ཚོགས་ཁྲོད་ས་ཁྱབ་རྡོ་ཁྱབ་ཏུ་བེད་སྤྱོད་བྱེད་མིན་བརྟག་དགོས་ཤིང་། གལ་ཏེ་ཐ་སྙད་ལ་ལ་མང་ཚོགས་ཁྲོད་དུ་བེད་སྤྱོད་གཏོང་དང་གཏོང་བཞིན་ལ་བརྗོད་བདེ་གོ་སླ་བ་རྣམས་ང་ཚོས་གསར་པ་བཟོ་བའི་ངལ་བ་དང་དུ་མ་བླངས་པར་དེ་དེ་ལྟར་སྤྱད་ན་མང་ཚོགས་ཀྱིས་གོ་བདེ་བ་དང་ཐ་སྙད་གཅིག་གྱུར་ཡོང་བར་ཕན་པ་ཆེ། དཔེར་ན། 手扶拖拉机ཞེས་པ་ཡིག་སྒྱུར་བས་ལག་སྐྱོར་དྲུད་འཐེན་འཁོར་ལོ་ཞེས་ཐ་སྙད་གསར་བཟོ་བྱས་ཀྱང་མང་ཚོགས་ཀྱིས་སྔར་ནས་ད་བར་དང་ལེན་བྱེད་མཁན་གཅིག་རྐྱང་བྱུང་མེད། དེའི་རྒྱུ་མཚན་ཡང་ཐ་སྙད་དེ་རིགས་གསར་བཟོ་བྱེད་སྐབས་ཐ་སྙད་འཇུག་པ་བདེ་པོ་ཞིག་མ་བྱུང་བས་ཡིན། མང་ཚོགས་ཀྱིས་དེ་ལས་ལྷག་པའི་འཇུག་པ་བདེ་བའི་མིང་བཏགས་ཡོད་དེ་གཞིས་རྩེར་ཐོ་ཕྲུག་དང་ལྷོ་ཁར་གློག་ཏོག་ཅེས་གོ་བདེ་ཀློག་བདེ་དང་ངག་ལ་འཇགས་བདེ་བ་ཞིག་ཡོད་པ་སོགས་དེ་ལྟ་བའི་རིགས་ང་ཚོས་གསར་དུ་སྒྱུར་མི་དགོས་པར་དང་ལེན་བྱས་ན་ཤིན་ཏུ་ལེགས། གཉིས་ནས་སྔར་ཡོད་ཀྱི་ཐ་སྙད་བཙལ་ནས་བེད་སྤྱོད་བྱས་ན་ཐ་སྙད་གཅིག་གྱུར་ཡོང་བར་ཕན་པ་ཡོད་ཅིང་། བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཁྱད་པར་ཅན་ཞིག་ཡིན་པས། དངོས་པོ་མ་ལུས་པ་ཐམས་ཅད་ལ་མིང་གིས་མ་ཟིན་པ་དང་བརྡ་སྤྲོད་མ་ཐུབ་པ་ཡེ་ནས་མེད་ལ་རི་བོའི་གཏོས་དང་མཉམ་པའི་བོད་ཡིག་གི་གསུང་རབ་གླེགས་བམ་དུའང་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་གི་ཁྲོད་དུ་དེང་དུས་རྒྱ་སྐད་ཀྱི་སྐད་དང་ཐོད་གཏུག་ཆོག་པའི་མིང་བརྡ་ཡང་ཇི་སྙེད་ཅིག་འཚོལ་རྒྱུ་ཡོད། དཔེར་ན། “大厦”ཞེས་པར་བ་གམ་དང་། “老不中用”ཞེས་པ་བྱ་རྒན་སྒྲོ་ཟད་ལ་སོགས་པ་མང་དག་མཆིས་པས་ལོ་ཙཱ་བས་ངལ་བར་མི་འཛེམས་པར་བཙལ་ན་ཐ་སྙད་གཅིག་གྱུར་ཡོང་བར་ཕན་པ་ཆེ། གསུམ་ནས་བཀས་བཅད་པ་རྣམས་བཀོལ་སྤྱོད་བྱེད་དགོས་ཤིང་། སྔར་ཡང་ཡིག་སྒྱུར་གྱི་ལོ་རྒྱུས་ཐོག་བཀས་བཅད་ཐེངས་གསུམ་བྱས་ཡོད། དེང་གི་དུས་སུའང་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་མཁས་དབང་སྒྲིག་འཛུགས་བྱས་ཏེ་ཐ་སྙད་གསར་པ་གཅིག་གྱུར་དང་བཀས་བཅད་ཀྱིས་ཚགས་པར་དང་དུས་དེབ་སོགས་སུ་འགོད་པ་སོགས་གནང་གི་ཡོད་མོད། འོན་ཀྱང་ཚན་པ་སོ་སོ་དང་ལོ་ཙཱ་བ་ཚོས་བཀོལ་སྤྱོད་མི་བྱེད་པར་སྔར་བཞིན་རང་བཟོས་ཐ་སྙད་དེ་རང་སྤྱོད་པའི་སྣང་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད་པས་དེ་ལྟར་བྱས་ཕྱིན་ཐ་སྙད་གཅིག་གྱུར་ཡོང་བར་འགོག་རྐྱེན་བཟོ་སྲིད། དེས་ན་ང་ཚོ་ལོ་ཙཱ་བ་ཚོས་བཀས་བཅད་པ་རྣམས་ལྟ་བ་མཁྲེགས་སྲུང་མ་བྱས་པར་བཀོལ་སྤྱོད་བྱས་ན་ཡིག་སྒྱུར་བྱ་གཞག་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་པ་ལས་གནོད་པ་མེད་དོ།
མདོར་ན། ཡིག་སྒྱུར་གྱི་དམིགས་ཡུལ་ནི་མ་ཡིག་མ་ཤེས་པའི་མི་དང་ཡང་ན་མ་ཡིག་གི་ཆུ་ཚད་འགྱུར་ཡིག་གི་ཆུ་ཚད་ལ་དམའ་བའི་ཀློག་པ་པོས་ཀློག་ཐུབ་པ་དང་གོ་བ་ལོན་པ་བྱ་རྒྱུ་དེ་ཡིན་པས་ལོ་ཙཱ་བ་ཚོས་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ལེན་པའི་རྨང་གཞིའི་ཐོག་འགྱུར་ཡིག་གི་སྐད་ལུགས་དང་མཐུན་ཞིང་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་ཡིག་སྒྱུར་གྱི་ཐབས་ལམ་ལ་འབད་དགོས་པ་ནི་འགངས་ཆེ།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའུ་ཡི་བདེ་སྐྱིད་དབང་མོ)