ལོ་ཙཱ་བའི་བསམ་བློའི་འདུ་ཤེས་དང་བློ་སྦྱོང་སྐོར་གླེང་བ།
ལོ་ཙཱ་ནི་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ལྟ་བུ་ཞིག་རེད། ལོ་ཙཱ་བ་ཚོས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་བསྒྱུར་བྱའི་མ་ཡིག་འདེམས་པ་དང་། མ་ཡིག་གི་བསྟན་དོན་གསལ་རྟོགས། བུ་ཡིག་ཏུ་ཇི་བཞིན་ཕབ་སྒྱུར་བྱས་ཏེ། རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་ཀྱི་དམིགས་ཡུལ་བསྒྲུབས་དང་སྒྲུབ་མུས་རེད། འོན་ཏེ་ལོ་ཙཱ་ནི་དཀའ་ངལ་དང་རྙོག་འཛིང་ཆེ་བའི་ལས་ཀ་ཞིག་ཡིན་གཤིས། ལོ་ཙཱ་བའི་ཀུན་སློང་དང་ལོ་ཙཱའི་ལས་རིམ་ལས་འགྱུར་སྤུས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད་པས། སྐབས་དོན་ལོ་ཙཱ་བའི་བསམ་བློའི་འདུ་ཤེས་དང་བློ་སྦྱོང་གི་སྐོར་ལ་ཅུང་ཙམ་བརྗོད་དོ།
དང་པོ། མ་ཡིག་གལ་ཆུང་དུ་མི་འཛིན་པར་ལེགས་པར་དྲིས་ཤིང་ཐེ་ཚོམ་གཅོད་དགོས།
དེ་ཡང་མ་ཡིག་གལ་ཆུང་དུ་མི་འཛིན་པ་ཞེས་པ་ནི་ལོ་ཙཱའི་ལས་ལ་ཐོག་མར་འཇུག་སྐབས་ཀྱི་བསམ་བློའི་འདུ་ཤེས་ལ་བྱ་བ་དང་། ལེགས་པར་དྲིས་ཤིང་ཐེ་ཚོམ་གཅོད་པ་ཞེས་པ་ནི། མ་ཡིག་གི་བརྗོད་དོན་གྱི་སྒྲོ་འདོགས་ལེགས་པར་ཆོད་ནས་ཇི་བཞིན་ཕབ་སྒྱུར་བྱེད་པའི་ལས་རིམ་ལ་གོ་བ་ཡིན།
བསྒྱུར་བྱའི་མ་ཡིག་གི་བརྗོད་བྱ་གསལ་པོར་རྟོགས་རྒྱུ་ནི་ལོ་ཙཱའི་བརྒྱུད་རིམ་ནང་ཐོག་མར་འཕྲད་པའི་དཀའ་གནད་ཡིན་ཞིང་། ཇི་བཞིན་ཕབ་སྒྱུར་བྱེད་པའི་སྔོན་འགྲོའི་ལས་རིམ་རེད། གལ་ཏེ་མ་ཡིག་གི་གོ་དོན་ཇི་ལྟ་བ་བཞིན་གསལ་པོར་མ་རྟོགས་ན། མ་ཡིག་གི་རིན་ཐང་བུ་ཡིག་ཏུ་ཇི་བཞིན་ཕབ་སྒྱུར་ཐུབ་རྒྱུ་ལྟ་ཅི། བརྗོད་བྱ་དོན་དང་རྗོད་བྱེད་ཚིག་ལ་ཆད་ལྷག་གི་སྐྱོན་དང་། གོ་བ་ལོག་པ་དང་རྩོམ་ཉམས་ཤོར་བ་སོགས་ཀྱི་འགྱུར་སྐྱོན་མང་དུ་ཐོན་ངེས། བོད་ཀྱི་སྒྲ་སྒྱུར་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པའི་སྒྱུར་ཐབས་ཀྱི་ཚད་གཞི་བསྟན་པའི་ལེའུ་ལས། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་ཡིག་སྒྱུར་གྱི་ཚད་གཞི་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་ཡོད། སྐབས་འདིར་བསྟན་པའི་དོན་དང་མི་འགལ་བ་ཞེས་པ་ནི་དམ་པའི་ཆོས་ཀྱི་གཞུང་དོན་དང་མི་འགལ་བར་བསྟན་པ་ཡིན་ལ། དོན་དུ་ལོ་ཙཱའི་ལས་ལ་འཇུག་ཕྱིན་ཐོག་མར་མ་ཡིག་ལ་ཇི་བཞིན་བསྟུན་དགོས་པའི་ཡིག་སྒྱུར་གྱི་སྤྱིའི་ཚད་གཞི་གཏན་ལ་ཕབ་པའོ། དེས་ན་བསྒྱུར་བྱའི་མ་ཡིག་གི་གོ་དོན་གསལ་རྟོགས་ལ་སྣང་ཆུང་ཁྱད་གསོད་ཡེ་ནས་བྱེད་མི་ཉན་ཏེ། མ་ཡིག་གི་བརྗོད་བྱའི་གོ་དོན་སོགས་ལ་རྒྱུས་ལོན་ཞིབ་ཚགས་བྱེད་དགོས་ཤིང་། མ་ཡིག་གི་གོ་དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་དང་པོ་བསྒྱུར་བྱའི་མ་ཡིིག་གི་རིག་གནས་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཁག་གསལ་པོར་རྟོགས་དགོས་པ། གཉིས་པ་མ་རྩོམ་གྱི་མིང་ཚིག་བརྗོད་པ་དང་འབྲེལ་བའི་བརྡ་སྤྲོད་དང་རྩོམ་ལུས་གསལ་པོར་རྟོགས་དགོས་པ། གསུམ་པ་མ་ཡིག་གི་ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་གསལ་པོར་རྟོགས་དགོས་པ། བཞི་པ་མ་ཡིག་གི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་གཏན་ཚིགས་དང་གོ་རིམ། དོན་གྱི་འཇུག་ཡུལ་གསལ་པོར་རྟོགས་དགོས་པ། ལྔ་པ་བསྒྱུར་བྱའི་མ་ཡིག་གི་དགོས་པ་དང་རིན་ཐང་གསལ་པོར་རྟོགས་དགོས་པ་བཅས་ཕྱོགས་ལྔ་ནས་འབད་པ་ལྷུར་ལེན་བྱེད་དགོས་པ་ཡིན།
མ་ཡིག་ལ་གོ་བ་ཡང་དག་ལེན་པའི་བརྒྱུད་རིམ་ཁྲོད་དཀའ་ཁག་མང་དག་ཅིག་འཕྲད་སྲིད་པས། དག་ཡིག་མཁས་པའི་འབྱུང་གནས་ལས། “སྒྱུར་བྱེད་ལོ་ཙྪ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས”ཞེས་གསུངས་པ་ཇི་བཞིན་དང་། དེ་ཉིད་ལས།“གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས”ཞེས་བྱུང་བ་ལྟར། ལོ་ཙཱ་བ་ཚོས་བསྒྱུར་བྱའི་མ་ཡིག་གལ་ཆུང་དུ་མི་འཛིན་པར་ལེགས་པར་དྲིས་ཤིང་ཐེ་ཚོམ་གཅོད་དགོས་ཤིང་། སློབ་གཉེར་བསླབ་བྱ་ལས། “མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པས། །དམན་ས་བཟུང་སྟེ་གུས་པའི་བརྟུལ་ཞུགས་ཀྱིས། །ཆོས་མཐུན་བློ་ཁ་མཐོ་བ་ཐམས་ཅད་ལས། །བློ་སྐྱེད་གང་ལོན་བྲེ་སོག་ཕུལ་སོག་གིས། །སྒྲོ་འདོགས་འཕྲལ་དང་འཕྲལ་དུ་ཆོད་ཅིག་ཨང”ཞེས་གསུངས་པ་ལྟར། ང་རྒྱལ་དང་ཁེངས་པ། རྒྱགས་པ་ལ་སོགས་པ་སེམས་ཁེངས་པའི་སེམས་བྱུང་ཉོན་མོངས་ཅན་དེར་སྐྱོན་དུ་བལྟས་ནས། དམའ་ས་བཟུང་སྟེ་རང་ལས་ཡོན་ཏན་མཆོག་དམན་གྱི་སྐྱེ་བོ་ཀུན་ལ་དག་སྣང་དང་བློ་བསྐྱེད་གང་ལོན་བྱེད་དགོས། རི་བོ་མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པས། ཆུ་བོ་ཀུན་དམའ་སར་རྒྱུགས་ནས་རྒྱ་མཚོར་བཞུར་བ་ཇི་བཞིན། དམན་ས་བཟུང་ནས་གུས་པའི་བརྟུལ་ཞུགས་བསྐྱངས་ཏེ། མ་རྟོགས་ལོག་རྟོགས་ཀྱི་གནས་ལ་ལེགས་པར་དྲིས་ཤིང་སྒྲོ་འདོགས་འཕྲལ་དང་འཕྲལ་དུ་གཅོད་པ་ནི་ཇི་བཞིན་ཕབ་སྒྱུར་གྱི་ཕྱོགས་སུ་གོམ་པ་དང་པོ་སྤོས་པ་རེད་ལ། ལོ་ཙཱ་བའི་བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལོ་ཙཱའི་ལས་ལ་འཇུག་པའི་བློ་སྦྱོང་ཞིག་ཀྱང་དེ་བས་རེད།
དོན་དུ་ལོ་ཙཱའི་ལས་ཀ་ནི་ཁྱབ་རྒྱ་ཆེ་ལ་རྙོག་འཛིང་ཆེ་ཞིང་འཚོ་བ་དངོས་དང་འབྲེལ་བ་དམ་ཟབ་ཡོད་པའི་ལག་ལེན་གྱི་བྱེད་སྒོ་ཞིག་ཡིན་ཞིང་། ལོ་རྒྱུས་འཕེལ་རིམ་གྱི་དུས་མཚམས་སོ་སོར་ལོ་ཙཱའི་ལས་ཀྱི་དམིགས་ཡུལ་དང་བྱེད་ནུས་མི་གཅིག་པས། སྐད་རིགས་གང་ཞིག་གི་བརྗོད་དོན་ཆ་ཚང་བ་སྐད་རིགས་གཞན་ཞིག་ཏུ་བརྗེ་སྒྱུར་བྱེད་པའི་ཚེ། མ་ཡིག་གལ་ཆུང་དུ་མི་འཛིན་པར་ལོ་ཙཱའི་ལས་རིམ་ཁྲོད་ཀྱི་དཀའ་ཁག་དང་། མ་ཡིག་དང་འབྲེལ་བའི་རིག་གཞུང་ཁག་ལ་མ་རྟོགས་ལོག་རྟོགས་དང་ཐེ་ཚོམ་བཅས་ལ་ལེགས་པར་དྲིས་ཤིང་སྒྲོ་འདོགས་ཆོད་པར་བྱེད་པར་ནི་ལོ་ཙཱ་བ་ཚོར་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད།
གཉིས་པ། རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བའི་སེམས་པ་དགོས།
ལོ་ཙཱའི་རྩ་བ་ནི་སྐད་དང་ཡི་གེ་ཡིན་ན་ཡང་། དོན་དུ་ལོ་ཙཱ་ནི་སྐད་དང་ཡི་གེ་ལས་འདས་པའི་གསར་རྩོམ་ཞིག་ཡིན། སྐད་དང་ཡི་གེ་ལ་མ་བརྟེན་པའི་ལོ་ཙཱ་མེད་པས། སྐད་དང་ཡི་གེའི་བརྡ་སྤྲོད་ཚུལ་དང་འཕེལ་འགྲོས་ལ་ཟབ་ཅིང་གསལ་བར་མཁྱེན་དགོས། སྐད་ཡིག་ནི་མ་ཡིག་ལ་གོ་བ་ལེན་པའི་ཐེམ་སྐས་དང་། བསྟན་དོན་ཇི་བཞིན་ཕབ་སྒྱུར་བྱེད་པའི་གཞི་རྩ་ཡིན་ཞིང་། ཚིག་གི་སྦྱོར་བའི་གཞུང་ལུགས་ལ་བརྟེན་ཏེ། སྙན་པའི་སྦྱོར་བའི་རྒྱན་ལས་རྗོད་བྱེད་ཚིག་གིས་བརྗོད་དོན་གོ་བདེར་དཀྲོལ་དགོས་པས། རྩོམ་ལ་འཇུག་པའི་གནས་ལ་འབུངས་ཏེ། རྩོམ་ལུས་རིགས་དབྱེ་དང་། ཚིག་བཅད་ཚིག་ལྷུག་ལ་སོགས་ལེགས་པར་སྦྱངས་ནས། སྒྱུར་བྱེད་ཡིག་སྲོལ་དང་མཐུན་པར་གོ་བདེ་ཞིང་། རྟོགས་སླ་ལ་ཁ་གསལ་པོར་མཚོན་ཐོག་མ་ཡིག་གི་རིན་ཐང་མངོན་དགོས། དེའང་བརྗོད་བྱ་དོན་ལ་མ་སེམས་པར་སྐད་ཡིག་མཛེས་པར་བསྐྱར་བ་ཡིས། བསྟན་དོན་གནས་ལ་སྒྲོ་འདོགས་མི་ཆོད་པས། དད་བརྩོན་དྲན་ཤེས་བརྟན་པོ་ཡིས་ཉིན་རེ་བཞིན་དུ་རིག་པའི་གནས་ལ་རྟོག་དཔྱོད་ཞིབ་མོ་དགོས།
ལོ་ཙཱ་བས་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བའི་སླད་ལོ་ཙཱའི་ཐབས་ལམ་སྤྱོད་དགོས་ཤིང་། ལོ་ཙཱའི་ལམ་ནས་རིག་གནས་ཀྱི་རིན་ཐང་དང་དགེ་མཚན་དར་སྤེལ་གཏོང་དགོས། ལོ་ཙཱ་མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱིས། “ལོ་རྒྱུས་འཕེལ་འགྱུར་བྱུང་རིམ་ལ་ཕྱིར་བལྟས་པ་ན། སྤྱི་ཚོགས་འཕོ་འགྱུར་གྱི་དུས་མཚམས་སོ་སོར་ལོ་ཙཱའི་བྱེད་ལས་ལ་བརྟེན་ནས་སྐབས་སོ་སོའི་སྔོན་ཐོན་གྱི་རིག་གནས་དང་ཕུལ་བྱུང་གི་ཉམས་མྱོང་ཕན་ཚུན་མཚམས་སྦྱོར་བྱས་པས་ཡུལ་ལུང་སོ་སོའི་ཤེས་རིག་དཔལ་ཡོན་དར་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་ཐུབ་ཡོད། དུས་ད་ལྟའི་བར་དུ་ཡང་མི་རིགས་སོ་སོར་ལོ་ཙཱའི་ལས་དོན་ནི་མེད་དུ་མི་རུང་བའི་བྱ་གཞག་གལ་ཆེན་ཞིག་ཡིན་པ་སྟེ། སྤུན་ཟླ་མི་རིགས་དབར་མཛའ་བཤེས་མཐུན་ལམ་ཟབ་ཏུ་སྦྲེལ་བ་དང་། སྔོན་ཐོན་གྱི་ཚན་རིག་ཤེས་བྱ་མཚམས་སྦྱོར་བྱེད་པ། མི་རིགས་ཁག་དང་ས་ཁུལ་ཁག་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་ཏེ་ཐུན་མོང་ཡར་རྒྱས་འགྲོ་བ་བཅས་ལ་འགག་རྩའི་ནུས་པ་ཐོན་གྱི་ཡོད། རང་ལྗོངས་ལ་མཚོན་ན། རྒྱ་ཆེའི་ཞིང་འབྲོག་ས་ཁུལ་དུ་མང་ཚོགས་མང་ཆེ་བས་རྒྱའི་སྐད་ཡིག་མི་ཤེས་པའམ་ཡག་པོ་མི་ཤེས་པས་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། སྔོན་ཐོན་རིག་གནས་དང་ཚན་རིག་ལག་རྩལ་ཁྱབ་སྤེལ་གཏོང་བར་ལོ་ཙཱར་བརྟེན་དགོས་ཀྱི་ཡོད”ཅེས་ལོ་ཙཱའི་རིག་གནས་དང་ལོ་ཙཱའི་བྱ་བའི་འབྱུང་འཕེལ་ཁྲོད་མིའི་རིགས་ཀྱི་གནའ་དེང་རིག་གནས་དར་སྤེལ་གཏོང་བར་གལ་ཆེའི་ནུས་པ་ཐོན་ལུགས་བསྟན་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན”ཞེས་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་དར་སྤེལ་རྒྱུན་འཛིན་ཡག་པོ་ཐུབ་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་འོད་སྟོང་འཕྲོ་བའི་ཕ་གཞིས་དང་ནོར་བུ་ཞིག་ཀྱང་ཅི་ནས་ཡིན། དེས་ན་ལོ་ཙཱ་བ་ཚོས་ངེས་པར་དུ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བའི་བསམ་བློའི་ཀུན་སློང་བཟང་པོ་བཅངས་ཏེ། ལོ་ཙཱའི་རིག་གནས་ལ་སློབ་གཉེར་དང་ལག་ལེན་བསྟར་དགོས།
ལོ་ཙཱ་བ་ཚོར་བསམ་བློའི་འདུ་ཤེས་དང་ངོས་འཛིན་འདི་ལྟར་ཡོད་དགོས་ཏེ། རིག་གནས་ནི་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པ་དང་། མ་འོངས་འཕེལ་རྒྱས་ཐུབ་པའི་གཞི་རྟེན་དུ་གྱུར་པའི་ཕྱིར་ན། སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྒྱུན་འཛིན་དང་གསར་དར་རིག་གནས་ཀྱི་དགེ་མཚན་པང་དུ་བླངས་ནས། རིག་གནས་ཀྱི་ཁོར་ཡུག་གསར་པ་ཞིག་གཏོད་དགོས། ལོ་ཙཱ་བ་ཚོས་རིག་གནས་ལ་དགའ་ཞེན་དང་རིག་གནས་ཀྱི་རིན་ཐང་མཐོང་བ་བྱས་ཏེ། ཕྱི་ནང་གི་རིག་གནས་དར་སྤེལ་དང་འབྲེལ་འདྲིས་ལ་སྔར་བས་ལྷག་པའི་ནུས་པ་འདོན་དགོས་ཤིང་། ལོ་ཙཱའི་རིག་གནས་ཀྱིས་རིག་གནས་སྤྱིའི་འཕེལ་རྒྱས་དང་འཕོ་འགྱུར་ལ་ཐད་ཀའི་ནུས་པ་ཐོན་གྱི་ཡོད་པས། རིག་གནས་འཕེལ་རྒྱས་ཁྲོད་དུ་གལ་ཆེའི་གནས་བབ་དང་གོ་གནས་བཟུང་ཡོད། ལོ་ཙཱའི་ལས་རིགས་ཀྱི་ནུས་པ་གང་ལེགས་བཏོན་ནས་མིའི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་ནས་གོང་དུ་སྤེལ་བའི་ཆོད་སེམས་འཆང་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའི་རིག་འཛིན་རྡོ་རྗེ)