སྟོད་མངའ་རིས་ཡུལ་གྱི་ཤོན་ཆས། ལྷོ་འཛམ་བུ་གླིང་གི་གཙུག་རྒྱན།
ཤོན་ཆས་གྱོན་པའི་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་བུད་མེད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ས་ཁམས་ཀྱི་དམིགས་བསལ་གནས་སྟངས་དང་མི་ཆོས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལས། སྤུ་ཧྲེང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་གྲུབ་ཡོད། སྤུ་ཧྲེང་གི་ཤོན་ཆས་ནི་སྤུ་ཧྲེང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ཀྱི་མཚོན་རྟགས་ཤིག་རེད། ལོ་ངོ་བརྒྱ་ཕྲག་རྒྱུན་འཛིན་བྱས་པའི་ཤོན་ཆས་འདི་ད་ཆ་ཆ་ཚང་30ཙམ་ཡང་ཟིན་གྱི་མེད་ཅིང་། ལོ་ལྟར་གྱི་དུས་ཆེན་དང་མཛད་སྒོ་གཟབ་རྒྱས་ཀྱི་སྐབས་སུ་གྱོན་སྲོལ་ཡོད།
“གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལས་ལོ་ངོ་སྟོང་ཕྲག་ཉར་ཚགས་བྱས་པའི་ལྡེབས་རིས་མཇལ་ཐུབ་ལ། ལྡེབས་རིས་དེ་དག་གི་ཁྲོད་ནས་ང་ཚོའི་ཤོན་ཆས་ཀྱང་མིག་ལམ་དུ་མཇལ་རྒྱུ་ཡོད”ཅེས་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ཡུལ་མི་མཚམས་གཅོད་སྒྲོལ་མས་བཤད་ཅིང་། ཁོང་ནི་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པ་དང་རང་ཉིད་ཀྱི་ཨ་མ་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ང་ཚོ་སླེབས་མ་ཐག་ཁོང་དང་གྲོང་ཚོའི་གཅེན་གཅུང་འགས་ལོ་མང་རིང་ཉར་ཚགས་བྱས་པའི་ཤོན་ཆས་ང་ཚོར་བསྟན་བྱུང་། རྒྱན་གོས་དེ་འཁོར་ཆགས་གྲོང་ཚོར་མ་གཏོགས་མེད་པ་དང་དེའང་འཁོར་ཆགས་གྲོང་ཚོའི་དུད་ཚང་7ཙམ་ལ་མ་གཏོགས་མེད་པ་རེད།
ཤོན་ཆས་འདི་ནི་ལྷ་མོའི་འཁྲབ་གཞུང《ཆོས་རྒྱལ་ནོར་བཟང》ནང་གི་ཆོས་རྒྱལ་ནོར་བཟང་གི་བཙུན་མོ་ཡིད་འཕྲོག་ལྷ་མོ་ནམ་མཁར་འཕུར་བའི་གཏམ་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། “མཁའ་འགྲོའི་རྒྱན་གོས”ཞེས་ཀྱང་འབོད། ཤོད་རྒྱུན་ལ་གནའ་བོའི་སྤུ་ཧྲེང་གི་ཆོས་རྒྱལ་ནོར་བཟང་གིས་མཛེས་སྡུག་ལྡན་པའི་རྨ་བྱ་ཁ་འབབ་ཀྱི་འགྲམ་དུ་ཕོ་བྲང་ཡིད་དུ་འོང་བ་ཞིག་བཞེངས་པ་དང་། ཆོས་རྒྱལ་ནོར་བཟང་ལ་བཙུན་མོ་300ལྷག་ཙམ་བསུས་པའི་ཁྲོད་གཤིས་རྒྱུད་ཤིན་ཏུ་བཟང་བའི་བཙུན་མོ་ཞིག་ཡོད་པར་ཡིད་འཕྲོག་ལྷ་མོ་ཟེར། རྗེས་སུ་ཁོང་བཙུན་མོ་གཞན་གྱི་ཞེད་སྡང་དང་སྡུག་གཅོད་མ་བཟོད་པར། ཟླ་བ་ཉ་གང་བའི་མཚན་མོ་ཞིག་ལ་རྨ་བྱར་སྤྲུལ་ཏེ་མུ་ཁྱུད་ཀྱི་གངས་རིའི་ཕྱོགས་སུ་འཕུར་ནས་སྔོ་བསངས་ཀྱི་ནམ་མཁའི་དབྱིངས་སུ་ཡལ་བ་རེད། ཕྱིས་སུ་གཤིས་རྒྱུད་བཟང་བ་དང་རང་དབང་ལ་མོས་པའི་སྤུ་ཧྲེང་བ་ཚོས་མཛངས་མའི་ཡོན་ཏན་བརྒྱད་ཚང་བའི་བཙུན་མོ་དེར་དྲན་གསོ་ཞུ་ཆེད། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཕྱུ་པ་བཟོས་རྗེས་རྩ་ཆེའི་གཡུ་དང་། སྤོས་ཤེལ། མུ་ཏིག་སོགས་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་བརྒྱན་བཏབ་པའི་མཁའ་འགྲོའི་གྱོན་ཆས་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།
ཤོན་ཆས་བུད་མེད་ཀྱིས་མ་གཏོགས་སྐྱེས་པས་གྱོན་སྲོལ་མེད། ལོ་བཅུ་གྲངས་ལྷག་ཙམ་གོང་དུ་མཚམས་གཅོད་སྒྲོལ་མ་གཉེན་སྒྲིག་བྱེད་སྐབས་ཨ་མས་ཁོང་ལ་སྤྲད་པ་དང་། ཁོང་གིས་རང་ཉིད་ཤུལ་འཛིན་པ་ཞིག་ཡིན་ཡང་རྒྱན་གོས་དེ་ཁྱིམ་ལ་དབང་བའི་ངོས་འཛིན་བྱེད་ཀྱི་ཡོད། མཚམས་གཅོད་སྒྲོལ་མའི་ཨ་མ་པ་སངས་སྐལ་རྣམ་གྱིས་བུ་མོའི་རྒྱན་གོས་ལ་མཛུབ་མོ་འཛུགས་བཞིན་དུ“སྤུ་ཧྲེང་གི་བུད་མེད་ཚོས་དུས་རྒྱུན་ཕྱུ་པ་རྒྱ་སྨུག་གམ་ནག་པོ་ཞིག་དང་མགོ་ལ་མཐའ་ཤན་དམར་སྨུག་གིས་བརྒྱན་པའི་སྣམ་བུའི་ཞྭ་མོ་སྒོར་མོ་ཞིག་གྱོན་པ་དང་། རྣ་ཅོག་ལ་བྱུ་རུ་དང་མུ་ཏིག་སོགས་སྟར་དུ་བརྒྱུས་པའི་རིང་ཚད་ལ་ལི་སྨི་བཅུ་ལྷག་ཙམ་ཟིན་པའི་སོག་བྱིལ་འདོགས་པ་དང་རིང་ཤོས་ལ་ལི་སྨི་30ཙམ་ཟིན་གྱི་ཡོད། འདོགས་སྲོལ་དེ་རྨ་བྱ་ལ་ལད་མོ་བྱས་པའི་ཤོད་སྲོལ་ཡོད། རྒྱབ་ལ་ར་པགས་དཀར་པོ་གཞི་གདན་དུ་བྱེད་པ་དང་དེའང་འཇམ་ཤ་ཧ་ཅང་དོད་པའི་ར་པགས་དགོས་ཀྱི་ཡོད། དེའི་མདུན་ལ་སྒོར་དབྱིབས་ཀྱི་རི་མོ་དང་ཁྲ་རིས་ཡོད་པའི་ཚོས་གཞི་རྒྱ་སྨུག་གི་སྣམ་བུ་སྦྱར་བའི་སྟེང་དུ་དབྱིབས་སྒོར་མོའི་ཁྲ་རིས་ཀྱི་སྣམ་བུས་བརྒྱན་ནས་རྨ་བྱའི་སྒལ་པ་མཚོན་པ་དང་། ར་པགས་ཀྱི་གཞི་གདན་གྱི་མཐའ་རྒྱན་དུ་དབྱིབས་སྒོར་མོའི་ཁྲ་རིས་ཀྱི་ཚོས་གཞི་རྒྱ་སྨུག་གི་སྣམ་བུ་སྦྱར་ནས་རྨ་བྱའི་གཤོག་པ་གཉིས་མཚོན་གྱི་ཡོད། གཞི་གདན་དེའི་གཤམ་ལ་ཁ་དབྲག་གསུམ་ཡོད་པ་དེས་རྨ་བྱའི་མཇུག་སྒྲོ་མཚོན་གྱི་ཡོད། གཞི་གདན་དེའི་པགས་པའི་ངོས་ལ་མཚོན་དོག་སྣ་ཚོགས་ཀྱི་དར་བཏགས་པས་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
ལྗིད་ཚད་ལ་རྒྱ་མ་བཅུ་གྲངས་ཡོད་པའི་ཤོན་ཆས་ལུས་ལ་གྱོན་པའི་ཚེ་ན། གནའ་བོའི་དུས་སྐབས་ལ་ལོག་པ་བཞིན་གནའ་ཉམས་ཤིག་ཤུགས་སུ་མངོན་བཞིན་འདུག རྒྱལ་སྤྱིའི་རྩེར་སོན་གྱི་དར་སོའི་གྱོན་ཤོམ་ལའང་འདི་ལྟ་བུའི་མཆོར་ཉམས་ཤིག་རྙེད་དཀའ་ཞིང་། བརྒྱ་ལ་ཉེ་བའི་སྤོས་ཤེལ་རྙིང་པ་དང་། གྲངས་ཀྱིས་མི་ལང་བའི་མུ་ཏིག སྟར་ལ་བརྒྱུས་པའི་བྱུ་རུ་དམར་པོ། གྲངས་ལས་འདས་པའི་གཡུ། ཚགས་འཁྲོལ་ཞིབ་པར་བརྒྱབ་པའི་དངུལ་ཆས་བཅས་ལས་གྲུབ་པའི་རྒྱན་ཆ་དེ་ཉིད་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་ཁོ་ནས་ཀྱང་རིན་ཐང་གཞལ་དཀའ་བར་གྱུར་ཡོད། ཤོན་ཆས་ཚང་མ་གཅིག་པ་གཅིག་རྐྱང་ཡིན་མི་སྲིད་ཅིང་། གང་ལགས་ཤེ་ན། དེ་ནི་རྦད་དེ་ལག་ཤེས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས་རེད། ཡིན་ནའང་ཤོན་ཆས་ཀྱི་རྩ་ཆེ་ཆུང་ལ་ཁྱད་པར་གཏན་ནས་མེད། ཤོན་ཆས་ཡོད་པའི་ཁྱིམ་ཚང་ལས་དེའི་འབྱོར་འཁོས་མངོན་པ་ཙམ་མ་ཟད། ད་དུང་ཁྱིམ་རྒྱུད་ཀྱི་དབང་ཆ་དང་མཚན་སྙན་གྲགས་དེ་བས་ཀྱང་མཚོན་གྱི་ཡོད། སྤུ་ཧྲེང་གི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཤོད་རྒྱུན་ཞིག་ཡོད་པ་སྟེ། མཛངས་མའི་ཡོན་ཏན་ལྡན་པ་དང་། བློ་རིག་བཀྲ་བ། ཁ་ངོ་སྐྱེ་འབྲས་མཚར་བའི་བུད་མེད་ཀྱིས་སྤུ་ཧྲེང་གི་ཤོན་ཆས་གྱོན་སྲོལ་ཡོད།