ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་དང་ཞུ་དག་པའི་གལ་ཆེའི་རང་བཞིན་རགས་ཙམ་གླེང་བ།
ལོ་ཙཱ་བ་ཞེས་པ་ནི། མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་ཤེས་བྱ་རིག་གནས་དག་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཚིག་དོན་ཆ་ཚང་བར་བརྡ་སྤྲོད་བྱེད་པར་བརྟེན་ནས། བློ་གྲོས་ཀྱི་མིག་གསར་པ་ཞིག་སྦྱིན་པར་བྱེད་མཁན་ཡིན་ཞིང་། “ལོ་ཙཱ་སློབ་མཁན་ཞིག་ལ་མཚོན་ན། ཤེས་རིག་གསལ་ཞིང་དྲན་ཤེས་བརྟན་པ། སྨྲ་བརྗོད་དག་ཅིང་བརྡ་སྤྲོད་ཚུལ་ལ་མཁས་པ། དཀའ་ངལ་ལ་བཟོད་བསྲན་དང་སྙིང་རུས་ཆེ་བ་སོགས་ཀྱི་ལེགས་ཆ་མང་དག་ཅིག་མེད་ན་ལོ་ཙཱ་བ་ཡག་པོ་ཞིག་བྱེད་ཐབས་བྲལ།
གཅིག ལོ་ཙཱ་བར་ཚང་དགོས་པའི་རྨང་གཞིའི་ཆ་རྐྱེན།
1.ཡིག་སྒྱུར་གཞུང་ལུགས་ལ་རྒྱུས་མངའ་ཆེན་པོ་ལྡན་དགོས།
ཡིག་སྒྱུར་གཞུང་ལུགས་དང་ཡིག་སྒྱུར་ལག་ལེན་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡིན་ཞིང་། ཡིག་སྒྱུར་ལག་ལེན་ལ་ཡིག་སྒྱུར་གཞུང་ལུགས་ཀྱི་རྨང་གཞི་དགོས་ཤིང་། ཡིག་སྒྱུར་གཞུང་ལུགས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ནི་ཡིག་སྒྱུར་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་ལ་བརྟེན་དགོས། ཡིག་སྒྱུར་གྱི་ལག་ལེན་མེད་ན་ཡིག་སྒྱུར་གཞུང་ལུགས་ཚད་ལྡན་ཞིག་གྲུབ་དཀའ་ལ། ཡིག་སྒྱུར་གཞུང་ལུགས་དང་ཡིག་སྒྱུར་ལག་ལེན་ནི་ཡིག་སྒྱུར་གྱི་སྤུས་ཚད་འགན་ལེན་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད། དེའི་ཕྱིར་ཡིག་སྒྱུར་ལས་ལ་གཞོལ་མཁན་ཞིག་ཡིན་ཕྱིན། ལོ་ཙཱའི་གཞུང་ལུགས་ལ་ཤེས་རབ་ཀྱི་རལ་གྲིས་བླང་དོར་གྱི་བརྡར་ཤ་གཅོད་དེ་བསྒྱུར་བྱ་གང་དེའི་རྩོམ་ལུས་དང་ནང་དོན་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། གཞུང་ལུགས་གང་དེའི་ཁྲོད་ཀྱི་ཡིག་སྒྱུར་གྱི་རྩ་དོན་དང་། ཚད་གཞི། སྒྱུར་ཐབས་སོགས་གང་ལ་གང་འཚམ་པ་སྙིགས་དོར་བཅུད་ལེན་གྱིས་སྤྱོད་དགོས།
2. རྒྱ་བོད་ཡིག་རིགས་གཉིས་ལ་གོམས་བྱང་དགོས་པ།
ལོ་ཆེན་ཧྥུ་ལེ་ཧན་ནོ་ཧྥོས(普列汉诺夫)གསུངས་པར། “ཁྱེད་ལོ་ཙཱ་བྱེད་པར་འདོད་ན་དེ་ནི་མཆོག་ཏུ་གྱུར་པའི་ལས་རིགས་ཤིག་ཡིན། ལོ་ཙཱ་བྱེད་པར་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་སྐད་རིགས་གཉིས་ལ་གོམས་བྱང་ཆེན་པོ་དགོས་པ་དང་། དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་ལ་རྒྱུས་མངའ་ཞིབ་ཚགས་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་ལོ་ཙཱ་མ་བྱས་ན་དགའ”ཞེས་གསུངས་ཡོད། སྐད་རིགས་གཉིས་ཀྱི་སྦྱངས་པ་མཐར་སོན་དགོས་པའི་གནད་དོན་ཐད་ལ། ལོ་ཙཱའི་ཉམས་མྱོང་གིས་ཕྱུག་པའི་ལོ་ཆེན་ཕིན་སྒྲོ་ཨུས་(彭卓吾)རང་གིས་དགོངས་ཚུལ་གསུངས་པར། “ལོ་ཙཱ་བའི་སྐད་རིགས་གཉིས་ཀྱི་བྱང་ཚད་མཐོན་པོ་ཆ་མཚུངས་པ་བྱུང་ན་རབ་ཡིན་མོད་ཀྱང་མངོན་སུམ་དོན་ལ་འཁྱོལ་བ་ལས་སླ་མོ་མིན། ཁོ་བའི་ཉམས་མྱོང་ལྟར་ན། སྤྱིར་བསྒྱུར་བྱའི་སྐད་ཡིག་གི་བྱང་ཚད་ལས་སྒྱུར་བྱེད་སྐད་ཡིག་གི་བྱང་ཚད་ངེས་པར་མཐོ་བ་ཡོད་དགོས། ཅིའི་ཕྱིར་ཞེ་ན། ཡིག་སྒྱུར་བྱ་བའི་བརྒྱུད་རིམ་དུ་སྔོན་ལ་མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་དགོས་པ་དང་། དེ་ནས་བསྟན་དོན་ཇི་བཞིན་སྐད་ཡིག་གཞན་ཞིག་ཏུ་ཕབ་སྒྱུར་བྱེད་དགོས་ན། ལོ་ཙཱ་བས་མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་པའི་རིང་དུ་སྔོན་ལ་རང་གི་བསམ་བྱུང་གི་རྟོགས་པས་དོན་གྱི་གོ་བ་རྙེད་ཐབས་བྱེད་དགོས་པ་གླེང་མེད་དང་། དེ་ནས་བརྗོད་དོན་གོ་དཀའ་བ་རྣམས་ཚིག་མཛོད་སོགས་ཐབས་ཤེས་སྣ་ཚོགས་སྤྱད་ནས་གོ་དོན་གསལ་རྟོགས་ཐུབ་པ་བྱ་དགོས”ཞེས་གསུངས་ཡོད། སྒྱུར་བྱེད་སྐད་ཡིག་ལ་གོམས་བྱང་ཆེན་པོ་ཡོད་ན། བརྗོད་གཞིར་གྱུར་པའི་མིང་དང་ཚིག་དང་བརྡ་ཆད་བཅས་པར་ཐོགས་པ་མེད་པ་དང་། ཚིག་སྦྱོར་དག་གི་ཕྲེང་བ་བསྟར་དུ་བརྒྱུས་པའི་བརྗོད་པ་གོ་བདེ་ཞིང་ཉན་སྤྲོ་བ་ཡོང་རྒྱུ་གདོན་མི་ཟ། གལ་ཏེ་སྒྱུར་བྱེད་སྐད་ཡིག་གི་ཤེས་ཚད་དམའ་ན་བསམ་པ་དོན་ལ་མི་འཁྱོལ་བ་སྟེ། མ་ཡིག་གི་བརྡ་སྤྲོད་ཡག་པོ་མི་ཐུབ་པས་འུ་ཐུག་ཐབས་ཟད་ཀྱིས་ཤན་སྦྱར་མིང་མཛོད་དུ་གསལ་བའི་འགྱུར་ལ་བླང་དོར་གྱི་བརྡར་ཤ་མི་གཅོད་པར་དོན་གཉིས་བརླག་པའི་རྒྱུ་ཁོ་ནའོ།
3. བསྒྱུར་བྱ་མི་འདྲ་བ་སོ་སོར་གཞིགས་ནས་འབྲེལ་ཡོད་ཤེས་བྱ་རྟོགས་དགོས་པ།
ལོ་ཙཱ་ནི་གསར་རྩོམ་གྱི་བརྒྱུད་རིམ་ཞིག་ཡིན་མོད། འོན་ཀྱང་སྤྱིར་བཏང་གི་གསར་རྩོམ་དང་རྦད་དེ་འདྲ་ཡི་མེད། དེ་ཡིག་རིགས་གཉིས་ཀྱི་ཕབ་བསྒྱུར་ཙམ་མ་ཡིན་པར་རིག་གནས་མི་འདྲ་བ་གཉིས་ཀྱི་ལོ་ཙཱ་ཡིན། དེའི་ཕྱིར། བསྒྱུར་བྱ་དང་སྒྱུར་བྱེད་ཡིག་རིགས་གཉིས་ལ་གོམས་བྱང་ཆེན་པོ་དགོས་པ་ནི་ལོ་ཙཱའི་རྨང་གཞི་ཙམ་ལས་མ་འདས་པར། གཙོ་བོ་བསྒྱུར་བྱ་གང་དེའི་རིག་གནས་རྒྱབ་ལྗོངས་དང་ཡུལ་སྲོལ་གོམས་འདྲིས་སོགས་ལ་རྒྱུས་མངའ་ཟབ་མོ་དགོས་པ་མ་ཟད། ལྷག་པར་དུ་བསྒྱུར་བྱ་གང་དེའི་ཆེད་ལས་ཤེས་བྱ་དང་དེའི་འབྲེལ་ཡོད་ཤེས་བྱར་རྟོགས་དགོས་པ་ནི་ལོ་ཙཱ་བ་ཞིག་གི་རྨང་གཞིའི་ཆ་རྐྱེན་ཞིག་རེད་སྙམ།
4. ལྷག་བསམ་དང་འགན་སེམས་དགོས་པ།
ལོ་ཙཱ་བར་སྐད་གཉིས་ཀྱི་ཤེས་བྱའི་བྱང་ཚད་མཐོ་པོ་དགོས་པ་མ་ཟད། བྱ་བའི་འཇུག་སྒོར་ལྷག་བསམ་དྲང་མོ་དང་ཧུར་སྐྱེད་ཁུར་ལེན་གྱི་རྣམ་འགྱུར་ལྡན་དགོས་པ་དེ་ཡང་གལ་ཤིན་ཏུ་ཆེ། ཝང་མིན་ཀྲི་ཡིས《ལོ་ཙཱ་རིག་པའི་མིང་མཛོད》ཅེས་པའི་ནང་དུ། “ལོ་ཙཱའི་ཀུན་སློང་ཕྱོགས་གསུམ་ནས་མངོན་དགོས་ཏེ། དང་པོ། ལོ་ཙཱ་བའི་འགན་འཁྲི་མ་བརྗེད་པར་མི་དམངས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཕན་དགོས། ལོ་ཙཱ་བ་ནི་འཛམ་གླིང་ཤེས་རིག་གི་ས་བོན་འདེབས་མཁན་ཡིན་པས། མི་སྒེར་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་དགོས། གཉིས་པ། ལོ་ཙཱ་བས་མ་ཡིག་དང་མ་ཡིག་གི་རྩོམ་པ་པོ། འགྱུར་ཡིག་དང་ཀློག་པ་པོ། རང་ཉིད་ཀྱི་སྤྱོད་ཚུལ་དང་ལོ་ཙཱའི་བྱ་བཞག་བཅས་ལ་འགན་འཁུར་དགོས། གསུམ་པ། ལོ་ཙཱ་བ་ནི་མི་ལྷག་བསམ་ཅན་ཞིག་ཡིན་དགོས་ཏེ། སྒེར་གྱི་ཡོང་འབབ་དང་མཚན་སྙན་གྲགས་ཀྱི་ཆེད་དུ། རྒྱལ་ཁབ་དང་མི་རིགས་ཐ་ན་མི་སྒེར་གང་རུང་ཞིག་ལ་གནོད་པའི་ལས་ཀ་གཏན་ནས་བྱ་མི་ཉན”ཞེས་གསུངས་པ་ལྟར། བསྒྱུར་གྱི་སྤུས་ཚད་ནི་ལོ་ཙཱ་བའི་མི་གཤིས་དང་ཤེས་ཡོན་གཉིས་ལ་རག་ལས་ཡོད།
གཉིས། ཞུ་དག་པའི་གལ་ཆེའི་རང་བཞིན།
དེང་ཡང་ཀློག་པ་པོ་ལ་ལའི་བློ་ངོར་ཡིག་སྒྱུར་ནི་ལོ་ཙཱ་བ་གཅིག་བུའི་དོན་དུ་ངོས་འཛིན་ཞིང་། ཡིག་སྒྱུར་གཞུང་ལུགས་དང་ཡིག་སྒྱུར་དཔྱད་རྩོམ་དུའང་ལོ་ཙཱ་བའི་དགེ་དང་སྐྱོན་གླེང་མང་བ་ལས་ཞུ་དག་པ་བལྟོས་བཅས་ཀྱིས་སྣང་མེད་དུ་གཏོང་གི་ཡོད། སྤྱིར་ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་ལོ་ཙཱ་བའི་ཤེས་རྒྱ་ཡངས་ལོས་དང་འགྱུར་ཡིག་གི་སྤུས་ཚད་ལེགས་ཉེས་དང་འབྲེལ་བ་དམ་ཟབ་ཡོད་ཀྱང་ཞུ་དག་པའི་ནུས་པ་སྣང་མེད་དུ་འཇོག་མི་རུང་།
སྤྱིར་ལོ་ཙཱའི་བརྒྱུད་རིམ་དང་གོ་རིམ་ལ་སྒྲ་དོག་འཇུག་གམ་ཡངས་འཇུག་གཉིས་སུ་དབྱེ་རུང་སྟེ། སྒྲ་དོག་འཇུག་གི་བརྒྱུད་རིམ་ནི་བསྒྱུར་བྱ་མ་ཡིག་གི་གོ་བ་ལེན་པ་དང་སྒྱུར་བྱེད་སྐད་ཡིག་གིས་མཚོན་པར་བྱ་བ་ཡིན་ཞིང་རྩ་བའི་བརྒྱུད་རིམ་གཉིས་ཞེས་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱ་བ་ཆེ་མོ་དག་གི་གསུངས་པ་ལགས། ཨ་རིའི་ལོ་ཙཱ་བ་ཆེ་མོ་ནེ་ཏཱ་ལགས་ཀྱིས། “ལོ་ཙཱའི་རྩ་བའི་བརྒྱུད་རིམ་གཉིས་ནི། མ་ཡིག་ལ་དབྱེ་ཞིབ་དང་། མ་ཡིག་བུ་ཡིག་ཏུ་ཕབ་སྒྱུར་བྱེད་པ། བུ་ཡིག་ཡང་བསྐྱར་དག་བཅོས་བྱེད་པ། ཚབ་བྱེད་རང་བཞིན་ལྡན་པའི་ཀློག་པ་པོ་གདན་དྲངས་ཏེ་བུ་ཡིག་གི་ཚད་འཇལ་བ”ཞེས་གསུངས་པ་ལས་ཀྱང་ཞུ་དག་གི་གལ་ཆེན་རང་བཞིན་གསལ་བོར་གཏོགས་ཐུབ། སྒྲ་ཡངས་འཇུག་གི་བརྒྱུད་རིམ་ནི་སྐད་རིགས་གཉིས་སམ་བརྩམས་ཆོས་གཉིས་ཀྱི་ཕབ་སྒྱུར་ལས་བརྒལ་ཞིང་། ཨ་རིའི་ལོ་ཙཱ་བ་ཆེ་མོ་ནེ་ཏཱ་ལགས་ཀྱི་དགོངས་པ་ལྟར་ན། ལོ་ཙཱའི་བརྒྱུད་རིམ་ནི་བརྩམས་ཆོས་གང་དེ་བསྒྱུར་བའི་བྱེ་བྲག་གི་བརྒྱུད་རིམ་ཙམ་མ་ཡིན་པར། ལས་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་གང་མང་ཞིག་ལ་ཉམས་འཇོག་དགོས་པ་འདོད། དཔེར་ན། མ་ཡིག་བརྩམས་ཆོས་ཀྱི་ངོ་བོ་དང་ལོ་ཙཱ་བའི་བྱང་ཚད། ལོ་ཙཱའི་བརྒྱུད་རིམ་གྱི་ཁ་ཕྱོགས། འགྱུར་ཡིག་ཀློག་པ་པོའི་ཚོགས། དཔེ་སྐྲུན་ཁང་དང་རྩོམ་སྒྲིག་པ། འགྱུར་ཡིག་འགྲེམས་སྤེལ་དང་བུ་ཡིག་གི་ཡིག་རིགས་རྣམ་པ་བཅས་ཕྱོགས་ཡོངས་ལ་བསམ་གཞིག་བྱེད་དགོས་ལུགས་གསུངས་པ་ཇི་བཞིན། བོད་ཀྱི་ལོ་ཙཱའི་གཞུང་ལུགས་སམ་ལག་ལེན་གང་གི་ཐད་ནས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། སྙིགས་དོར་བཅུད་ལེན་དང་། གནའ་བཟང་དེང་སྤྱོད། རྙིང་ཚབ་གསར་བརྗེའི་སོགས་ཀྱི་ཐབས་ལ་བརྟེན་ནས་ལོ་ཙཱ་བའི་བྱ་གཞག་ལ་སྲི་ཞུ་བསྒྲུབས་པར་འབད་དགོས།
དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་ཚན་རྩལ་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། མིའི་རིགས་ཀྱི་འཚོ་བར་སྟབས་བདེའི་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། དེ་ལས་ཡིག་སྒྱུར་མཉེན་ཆས་ནི་གཅིག་ཏེ། མིག་སྔར་དེས་ལོ་ཙཱ་བའི་ཚབ་ཡོངས་སུ་བྱེད་པར་དཀའ་ཡང་ལས་ཕྱོད་ཡངས་སུ་གཏོང་བའི་ཐབས་ལམ་ཞིག་ཏུ་འཛིན་ཆོག་པར་འདོད། ཡང་མི་ལ་ལས་ཡིག་སྒྱུར་མཉེན་ཆས་ལ་མཐོང་ཆེན་བྱེད་དྲག་སྟེ་ལོ་ཙཱ་བའི་རིན་ཐང་དང་འཇོན་ནུས་སྣང་མེད་བྱེད་པ་དང་། ཡང་ལ་ལས་ཡིག་སྒྱུར་མཉེན་ཆས་ལ་དགག་པ་མཐའ་གཅིག་ཏུ་བརྒྱབ་པ་སོགས་ཀྱི་སྣང་ཚུལ་ཡང་ཐོན་དང་ཐོན་མུས་རེད། ཡིན་ན་ཡང་ཡིག་སྒྱུར་མཉེན་ཆས་ནི་དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་ཞིང་། མིག་སྔར་སྤྱི་ཚོགས་ཐོག་ཡིག་སྒྱུར་མཉེན་ཆས་ལ་ཞའོ་ཉུའུ(小牛)དང་། ཐེང་ཞུན་ཡིག་སྒྱུར། (腾讯翻译) ཉི་འོད་འཕྲུལ་ཆས་ཡིག་སྒྱུར། (阳光机器翻译) ཡོན་ཡིས། (云译)སོགས་བསྒྱུར་སྤུས་ཅུང་ལེགས་པའི་མཉེན་ཆས་ཁ་ཤས་ཡོད་པ་དེ་དག་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དཔེར་ན། རིགས་པའི་གཞུང་ལུགས་དང་ཁྲིམས་ལུགས་སོགས་ཡིག་སྒྱུར་མཉེན་ཆས་ལ་བརྟེན་ནས་ཡིག་སྒྱུར་བྱས་རྗེས་ལོ་ཙཱ་བ་དང་ཞུ་དག་གིས་ཡང་བསྐྱར་མགོ་ནས་མཇུག་བར་ཞུ་དག་ནན་ཏན་བྱས་ན་ལས་ཀའི་མྱུར་ཚད་མགྱོགས་ལ་སྤུས་ཚད་ཀྱང་ཡག་པོ་ཡོང་ཐུབ། སྤྱིར་ཞུ་དག་པ་ནི་ལོ་ཙཱ་བའི་ལས་དོན་ཁྲོད་མེད་དུ་མི་རུང་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཡིག་སྒྱུར་མཉེན་ཆས་བེད་སྤྱོད་གཏོང་མཁན་མང་དུ་ཕྱིན་པ་དང་བསྟུན་ནས་ཞུ་དག་པའི་འགན་འཁྲི་དང་ནུས་པ་སོགས་བལྟོས་བཅས་ཀྱིས་མཐོར་གཏོང་དང་མཐོང་ཆེན་བྱེད་དགོས་པ་གལ་འགངས་ཤིན་ཏུ་ཆེ་བར་མཐོང་།
(བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཀླུ་མོ)