ཞིང་ལས་བརྡ་ཆད་ཀྱི་ཡིག་སྒྱུར་སྐོར་གླེང་བ།
བརྡ་ཆད་ནི་བརྩམས་ཆོས་གང་དེའི་ཆེས་རྩ་བ་དང་རྨང་གཞིར་གྱུར་པའི་གྲུབ་ཆ་ཞིག་ཡིན་ལ་གཞུང་སྤྱིའི་གོ་དོན་གསལ་པོར་སྟོན་པར་ནུས་པ་ཆེན་པོ་ལྡན་པས། དེ་ཚད་ལྡན་དུ་ཕབ་སྒྱུར་བྱ་རྒྱུ་ནི་ཡིག་སྒྱུར་སྤྱི་ཡོངས་ལེགས་པོ་ཡོང་བའི་གལ་ཆེའི་ཆ་རྐྱེན་ཞིག་ལགས། ལྷག་པར་དུ་ཞིང་ལས་འགྱུར་ཡིག་དག་ཁ་གསལ་ཞིང་གོ་བདེ་བའི་ངང་ཕབ་སྒྱུར་བྱེད་ནུས་ན་ཞིང་པ་ཚུད་པའི་་ཞིང་གསུམ་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་ཀློག་པ་པོར་ཕན་པ་འདོགས་ནུས་པས། འདིར་ཐོག་མར་བརྡ་ཆད་ཡིག་སྒྱུར་གྱི་སྐོར་རང་བློས་གང་དཔོག་གིས་མདོ་ཙམ་གླེང་བར་བྱ།
དང་པོ། བརྡ་ཆད་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན།
བརྡ་ཆད་ནི“མིའི་རིཌ་ཀྱི་ཤེས་རིག་གི་སྙིང་བཅུད”དང“རིག་གཞུང་ཚན་རིག་ཞིག་གི་དོན་སྤྱི་མཚོན་པའི་སྤྱིར་བཏང་གི་མཚོན་རྟགས”ལ་གོའོ། དེ་ཡང་དག་པར་བསྒྱུར་རྒྱུ་ནི་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་མཚོན་ན་འཕྲལ་ཕུཌ་གཉིས་ཀར་དགེ་མཚན་ཆེ་བའི་དོན་ཞིག་ཡིན་ལ། བརྡ་ཆད་ཚད་ལྡན་དང་གཅིག་གྱུར་ཏུ་ཇི་ཙམ་གཏོང་སྔ་ན་དེ་ཙམ་གྱིས་ཡིག་སྒྱུར་བྱ་བར་ཕན་ནུས་ཀྱང་ཆེ་བ་ཐོན་ཐུབ་པས། བརྡ་ཆད་ཡིག་སྒྱུར་ཚད་ལྡན་དང་ཁ་གསལ་གོ་བདེ་ལ་དེ་བས་དོ་སྣང་བྱེད་དགོས།
གཉིས་པ། ཞིང་ལས་བརྡ་ཆད་ཡིག་སྒྱུར་ཁྲོད་ཀྱི་གནད་དོན་གཙོ་ཁག་དང་དེའི་རྒྱུ་རྐྱེན།
བརྡ་ཆད་ཡིག་སྒྱུར་གྱི་ཆེད་ལས་རང་བཞིན་དང་། ཚན་རིག་རང་བཞིན། མིང་རྐྱང་རང་བཞིན། མ་ལག་རང་བཞིན་སོགས་ཀྱི་ཁྱད་ཆོས་དང་། དེང་གི་བརྡ་ཆད་གང་མང་ཞིག་ནི་དེ་སྔོན་བོད་ཀྱི་སྐད་ལ་མ་གྲགས་པ་ཁོ་ནར་ཟད་པས་ཚིག་མཛོད་སོགས་སུ་བཙལ་ནའང་མི་རྙིད་ཅིང་། རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་ཞིང་ལས་ཚིག་མཛོད་མེད་པ་སོགས་རྒྱུ་རྐྱེན་དུ་མས་འགྱུར་མིང་ཚད་ལྡན་དང་གཅིག་གྱུར་ཡོང་བར་དཀའ་ཚེགས་ཆེན་པོ་འཕྲད་ཀྱི་ཡོད།
གཅིག བརྡ་ཆད་ཚད་ལྡན་མ་ཡིན་པ།
བརྡ་ཆད་ཚད་ལྡན་ནི་ཚད་ལྡན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ཚད་གཞི་ཅན་གྱི་བརྡ་ཆད་ལ་གོ བརྡ་ཆད་ཚད་ལྡན་ནི་བརྡ་ཆད་ཡིག་སྒྱུར་གྱི་གལ་ཆེ་ཤོས་ཙམ་མ་ཟད་ཡིག་སྒྱུར་སྤྱི་ཡོངས་ཀྱི་རྩ་བའི་གནད་དོན་ཞིག་དང་བརྡ་ཆད་གཅིག་གྱུར་དུ་འགྱུར་བའི་སྔོན་འགྲོའང་ཡིན། བོད་ལ་མཚོན་ན་དེང་རབས་ཞིང་ལས་ཀྱི་བརྡ་ཆད་མང་པོ་ཞིག་སྔར་བོད་སྐད་ལ་མེད་ཅིང་དུས་རྒྱུན་གྱི་འཚོ་བའི་ཁྲོད་བཀོལ་སྤྱོད་ཉུང་བས། བོད་ཡིག་ཏུ་སྒྱུར་བར་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་དང་ལྡན་པས། མ་ཡིག་གི་བསྟན་དོན་ཇི་བཞིན་ཕབ་སྒྱུར་མ་ཐུབ་པའི་སྣང་ཚུལ་མི་ཉུང་བ་ཐོན་གྱི་ཡོད། དཔེར་ན། “中性土壤” ཞེས་པ་ནི་ས་རྒྱུའི་ནང་གི་བ་ཚྭ་ལྡན་ཚད་6.5~7.5ཡིན་པའི་ས་རྒྱུ་ལ་གོ་ཞིང་། བོད་ཡིག་གི་འགྱུར་མ“རང་གཤིས་འབྲིང་བའི་ས་རྒྱུ”ལྟ་བུའི་འགྱུར་ནི་མ་ཡིག་ཚིག་འབྲུ་བཞིན་སྒྱུར་བ་ལས་དོན་གྱི་ངོ་བོ་ལྟར་སྒྱུར་མེད་སྟབས། ས་གཞིར་བ་ཚྭ་ལྡན་ཚད་འབྲིང་བའི་དོན་བསྟན་མི་ཐུབ་པར་སྣང་། ཡང་དཔེར་ན། “冬棚”ལ“ཏུང་ཕང”ཞེས་སྒྲ་སོར་བཞག་གི་འགྱུར་མིང་འདི་ལྟ་བུ་ནི་ཞིང་ལས་ལག་རྩལ་རིགས་ལ་རྒྱུས་མངའ་མེད་པའི་ཀློག་པ་པོ་ཞིག་གིས་གོ་དཀའ་བར་གྱུར། གཞན་ཡང་། “绿色食品”ལ“སྔོ་ལྗང་ཟས་རིགས”དང “重金属”ལ“ལྕགས་རིགས་ལྗིད་གྲས་”ལྟ་བུའི་བརྡ་ཆད་མི་ཉུང་བ་ཞིག་ཀྱང་མ་ཡིག་གི་ཚིག་ངོས་དང་བསྟུན་དྲག་པས་བརྡ་ཆད་ཀྱི་གོ་དོན་ཡང་དག་པར་མཚོན་ཐུབ་མེད། ཚན་རྩལ་བརྡ་ཆད་ཡིག་སྒྱུར་གྱི་འབྲེལ་ཡོད་དཔྱད་འབྲས་ལྟར་ན། ལོ་ཙཱ་བས་ཀློག་པ་པོའི་དཔེ་ཀློག་ཆུ་ཚད་དང་དད་མོས་སོགས་ལ་གཞིགས་ནས་བརྡ་ཆད་ཀྱི་སྒྱུར་ཐབས་གང་ལེགས་བཀོལ་ཏེ། མ་ཡིག་གི་གོ་དོན་གཙོ་བོར་བཟུང་ནས་བོད་སྐད་ལ་གང་བདེར་ཕབ་སྒྱུར་བྱེད་པ་ལས་ཚིག་འབྲུ་ལྟར་ནི་སྒྱུར་མི་རུང་བ་སྟེ། 《སྒྲ་སྦྱོར་བམ་གཉིས》ལས“དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་མ་ཡིག་གི་བསྟན་དོན་ཇི་བཞིན་བུ་ཡིག་ཏུ་གོ་བདེ་བར་ཕབ་སྒྱུར་བྱེད་དགོས་པའི་ཡིག་སྒྱུར་སྤྱིའི་ཚད་གཞི་ལྟར་རོ། ལྷག་པར་དུ་ཚན་རྩལ་རྩོམ་རིག་ལ་ཆེད་ལས་རང་བཞིན་དང་ཚན་རིག་རང་བཞིན་སོགས་ལྡན་པས་བརྡ་ཆད་གི་དོན་དང་མི་འགལ་བར་ཕབ་སྒྱུར་བྱེད་རྒྱུ་གལ་ཆེ།
ཞིང་ལས་ཚན་རྩལ་ལོ་ཙཱ་བ་ཞིག་ལ་མཚོན་ན། རྒྱ་བོད་སྐད་གཉིས་ཀྱི་རྨང་གཞི་ལེགས་པའི་ཁར་འབྲེལ་ཡོད་ཞིང་ལས་ཚན་རྩལ་སྐོར་གྱི་ཤེས་བྱར་བསླབ་སྦྱངས་ངེས་ཅན་ཞིག་ཀྱང་དགོས་ཏེ། རྒན་འཕྲིན་ལས་ཆོས་གྲགས་ལགས་ཀྱིས“བསྟན་དོན་གསལ་རྟོགས་ནི་ཇི་བཞིན་ཕབ་སྒྱུར་གྱི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་དང་ཇི་བཞིན་ཕབ་སྒྱུར་ནི་བསྟན་དོན་གསལ་རྟོགས་ཀྱི་འབྲས་བུ་ཡིན”ཞེས་གསུངས་པ་བདེན་པའི་གཏམ་ཉིད་དོ། ཚན་རྩལ་ལོ་ཙཱའི་ལས་དོན་གཉེར་མཁན་ལ་ཡིག་སྒྱུར་གྱི་ཆེད་ལས་ཤེས་བྱ་གང་ཙམ་ལྡན་རུང་ཞིང་ལས་ཚན་རྩལ་ཤེས་བྱར་བསླབ་སྦྱངས་མ་འདང་བའི་རྐྱེན་གྱིས་ཆེད་ལས་རང་བཞིན་ཅན་གྱི་ཐ་སྙད་གསར་པ་རྣམས་ཚིག་འབྲུ་རེ་རེར་ཕབ་སྒྱུར་བྱེད་པའམ་སྒྲ་སོར་བཞག་གི་ཐབས་ལས་མ་རྙེད། གཞན་ཡང་། ལས་ཁུངས་ཁག་ཏུ་མི་སྣ་གཅིག་གཉིས་ཀྱིས་ཞིང་ལས་ཚན་རྩལ་ཡིག་སྒྱུར་གྱི་འགན་གཙོ་བོ་ཡོངས་སུ་བཞེས་ཤིང་། དགོས་ངེས་ཀྱི་བགྲོ་གླེང་སྤེལ་རེས་དང་སྔ་ཕྱི་བར་གསུམ་དུ་ཞུ་དག་བྱེད་པའི་སྲོལ་བཟང་སྣང་ཆུང་དུ་ཤོར་བ་སོགས། མདོར་ན། ལོ་ཙཱ་བའི་སྐད་གཉིས་ཀྱི་རྨང་གཞི་ཞན་པ་དང་། སྤྱི་ཚོགས་ཀྱི་མཐོང་ཆེན་མ་ཐོབ་པ། ཚན་རྩལ་ལོ་ཙཱའི་བྱ་བ་གཉེར་མཁན་མི་སྣ་ཉུང་བ། དུས་ཐོག་ཏུ་མང་ཚོཌ་ཀྱི་དགོས་མཁོ་ལྟར་ཡིག་སྒྱུར་བྱེད་པའི་ལས་འགན་ལྕི་བ་སོགས་ནི་སྒྱུར་སྐྱོན་ཤོར་བའི་རྒྱུ་རྐྱེན་གལ་ཆེན་ཡིན།
གཉིས། བརྡ་ཆད་གཅིག་འགྱུར་མ་བྱུང་བ།
ཐ་སྙད་རིག་པའི་ཞིབ་འཇུག་དང་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པ་ལྟར་ན། ཐ་སྙད་གཅིག་གིས་དོན་གཅིག་ཁོ་ན་བརྗོད་པ་དང་། དོན་གཅིག་དེ་ཐ་སྙད་གཅིག་ཁོ་ནས་མཚོན་རྒྱུ་ནི་གལ་འགངས་ཆེ། བོད་ཀྱི་ཞིང་ལས་བརྡ་ཆད་ཡིག་སྒྱུར་ཁྲོད་རྒྱུ་རྐྱེན་གང་རུང་ལས་སྒྱུར་ཡིག་ཁྲོད་ཐ་སྙད་གཅིག་ལ་སྒྱུར་སྟངས་མི་གཅིག་པ་མང་པོ་བྱུང་སྟེ། དཔེར་ན། “育苗”ལ“མྱུག་གསོ”དང“ལྗང་གསོ” “底肥”ལ“སྟེང་ལུད”དང“ཞབས་ལུད” “田间管理”ལ“ཞིང་ཁའི་དོ་དམ”དང་། “ཞིང་ཁའི་བདག་སྐྱོང” “ཞིང་ཁ་བདག་གཉེར” “ཞིང་ཁའི་ནང་དུ་བདག་གཉེར་བྱེད་སྟངས” “ཞིང་ཁའི་བདག་གཉེར་དོ་དམ”སོགས་བསྒྱུར་བ་ལྟ་བུའོ། “田间管理”ལ་ཆ་མཚོན་ན། བུ་ཡིག་མི་འདྲ་བ་ལྔ་ཙམ་བྱུང་བ་ལས་སྒྱུར་པ་པོའི་ཡིག་སྒྱུར་གྱི་ཚད་གཞི་མི་འདྲ་བ་གསལ་ཏེ། “ཞིང་ཁའི་དོ་དམ”དང“ཞིང་ཁའི་བདག་སྐྱོང”ནི་བརྡ་ཆད་ཀྱི་བསྡུས་གསལ་རང་བཞིན་དེ་གཙོ་བོར་བཟུང་ཞིང་། “ཞིང་ཁའི་ནང་དུ་བདག་གཉེར་བྱེད་སྟངས”ནི་སྔོན་གྱི་སྒྱུར་སྟངས་གསུམ་དང་བསྡུར་ན་འགྲེལ་བཤད་རང་བཞིན་གྱིས་སྒྱུར་ཡོད། འོན་ཏེ“ཞིང་ནང་གཡོག་བྱེད”དམ“ལོ་ཏོག་ལ་གཡོག་བྱེད་རྒྱུག”ལྟ་བུ་སོ་ནམ་རྒན་པོའི་ཞལ་ནས་འདོན་པའི་བརྡ་ཆད་དག་ལོ་ཙཱ་བས་སྤྱད་ན་ཁ་གསལ་གོ་བདེའི་དམིགས་ཡུལ་སྒྲུབ་ནུས་སོ།
མདོར་ན། ཞིང་ལས་བརྡ་ཆད་ཚད་ལྡན་དང་གཅིག་གྱུར་མ་ཡིན་པའི་གནད་དོན་ཐག་གཅོད་བྱེད་པར་ལས་ཁུངས་ཁག་གིས་དེར་དོ་སྣང་གང་མང་དང་། ལས་ཁུངས་གཞན་དང་འབྲེལ་འདྲིས་གང་མང་བྱས་ནས་ཀློག་པ་པོས་གོ་བདེ་བའི་ཞིང་ལས་བརྡ་ཆད་ཕབ་སྒྱུར་དང་། སློབ་གྲྭ་དང་ལས་ཁུངས་ཕྱོགས་གཉིས་ཀས་བརྡ་ཆད་ཡིག་སྒྱུར་བྱ་བ་གཉེར་མཁན་མི་སྣ་ཉུང་བ་དང་བརྡ་ཆད་ཡིག་སྒྱུར་གཞུང་ལུགས་ཀྱི་ཆུ་ཚད་དམའ་བ། ཤེས་བྱ་ཁྱབ་སྤེལ་གཏོང་བའི་འགྲོས་ཀྱང་དལ་བ་སོགས་ལ་གཞིགས་ནས་བརྡ་ཆད་ཡིག་སྒྱུར་གྱི་ཆེད་མཁས་མི་སྣ་སྐྱེད་སྲིང་བྱེད་དགོས་སོ།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཞིབ་འཇུག་སློབ་མ་འཕྲིན་ལས་ཆོས་སྐྱིད)