རྒྱ་བོད་ལོ་ཙཱ་ལས་བརྡ་གོམས་སྲོལ་གྱི་སྒྱུར་ཐབས་ཐད་རགས་ཙམ་གླེང་བ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་བརྡ་གོམས་སྲོལ་ཞེས་པར་གོ་བ་ཇི་ལྟར་ལེན་མིན་དང་། བརྡ་གོམས་སྲོལ་གྱི་སྒྱུར་ཐབས་ལས་འཕྲོས་ཏེ། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་སོགས་ཀྱི་བཞེད་པར་དཔྱད་བསྡུར་དང་། རྒྱུན་སྤྱོད་ཀྱི་སྒྱུར་དཔེ་དང་སྦྲགས་ཏེ་བརྡ་གོམས་སྲོལ་གྱི་སྒྱུར་ཐབས་རགས་ཙམ་གླེང་ཡོད་དོ།
བརྡ་ཆད་གཙོ་བོ། བརྡ་གོམས་སྲོལ། ལོ་ཙཱ། སྒྱུར་ཐབས།
ལོ་ཙཱ་ནི་སྐད་བརྡར་བརྟེན་ནས་རིག་གནས་ཕབ་བསྒྱུར་བྱེད་པའི་ལག་ཆ་ཞིག་ཡིན་པས་སྐད་བརྡ་ནི་རིག་ཚན་འདིའི་རྨང་རྡོ་ལྟ་བུར་གྱུར་ཡོད་ལ། སྐད་བརྡ་བེད་སྤྱད་པ་ཚད་ལྡན་ཡིན་མིན་ལས་བུ་ཡིག་གི་རིན་ཐང་གཞལ་ཐུབ། དེའི་རྐྱེན་གྱིས་ལོ་ཙཱའི་ལག་ལེན་ཁྲོད་དུ་སྐད་བརྡའི་བེད་སྤྱོད་སྟངས་ལ་དོ་སྣང་བྱ་རྒྱུ་གལ་ཆེ་བར་མཐོང་བས་འདིར་ལོ་ཙཱའི་བརྡ་གོམས་སྲོལ་གྱི་སྒྱུར་ཐབས་ཐད་ཅུང་ཙམ་བརྗོད་པར་བྱ་སྟེ།
དང་པོ། བརྡ་གོམས་སྲོལ་གྱི་གོ་དོན།
མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་བརྡ་གོམས་སྲོལ་ནི་སྤྱི་ཚོགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་པའི་ཐུན་མོང་མ་ཡིན་པའི་གོམས་གཤིས་ཆགས་པ་དང་བརྡ་སྤྲོད་དང་གཏན་ཚིགས་ལ་མི་བསྟུན་པར་སྐད་ཆའི་གནས་སྐབས་དབང་གིས་གོ་བའི་ཡོངས་གྲགས་ཀྱི་ཚིག་གི་སྦྱོར་བ་ཞིག་ལ་བྱ་ཞེས་གསུངས་པ་ཇི་བཞིན“སྐད་བརྡ་དེ་དག་ནི་གཏན་ཆགས་སུ་གྱུར་ཟིན་པའི་མིང་དང་ཚིག་གིས་གྲུབ་པས་གང་འདོད་དུ་བཅོས་བསྒྲིགས་བྱེད་མི་རུང”ཞིང་། ཏའོ་ཞའོ་ཅིན་གྱིས“ཚིག་ཉུང་ལ་དོན་འདུས་པ་དང་། གསོན་ཉམས་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ། མཚོན་སྟངས་མངོན་པར་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་དག་ནི་མི་རྣམས་ཀྱིས་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བར་རྒྱུས་ལོན་བྱས་པའི་རྟགས་སུ་འཁུམས ” ཞེས་གསུངས། བརྡ་གོམས་སྲོལ་དུ་འགྱུར་བའི་མིང་ཚིག་གི་སྦྱོར་བ་ལས་ཡིད་བརྙན་དང་བརྩེ་དུང་། མཛེས་དཔྱོད་ལྟ་བ། རིག་གནས་ཀྱི་འདུ་ཤེས་སོགས་མཚོན་ནུས་པ་མ་ཟད་བརྗོད་བྱའི་ནང་དོན་ཀློག་པ་པོའི་སེམས་ཁམས་སུ་གཟུགས་ཅན་བཞིན་བཤམས་ནུས་པ་དང་། ཐུན་མོང་མ་ཡིན་པའི་གོ་སྐོན་བློ་འགུག་གི་ནུས་པ་ལྡན་ཡོད། གཞན་ཡང་དེང་གི་ཆར་གསར་དུ་བསྒྱུར་པའི་ཐ་སྙད་གང་མང་ཞིག་ལ་མ་ཡིག་དེའི་གཤན་ཞུགས་ཆེ་དྲག་པས་བསྒྱུར་ཟིན་པའི་སྐད་དམ་ཡི་གེ་དེར་དོན་ཇི་བཞིན་སྟོན་མི་ཐུབ་པའམ་དོན་ལྷག་པ་དང་དོན་ཆད་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད། དཔེར་ན། ལེགས་སྦྱར་སྐད་དུ་ན་མོ་མཉྫུ་གྷོ་ཥཱ་ཡ། ཞེས་པ་བོད་ཀྱི་སྐད་དུ་ཐད་ཀར་བསྒྱུར་ཚེ་ཕྱག་འཚལ་འཇམ་པའི་དབྱངས་ཞེས་བརྗོད་དགོས་ཀྱང་། བརྡ་གོམས་སྲོལ་གྱི་དབང་གིས་སྔར་གྱི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་ཕྱག་འཚལ་ཞེས་པའི་བྱ་ཚིག་དེ་མ་མཐའ་ན་བརྗོད་ཅིང་། བྱ་བའི་ཡུལ་སྟོན་པའི་ལ་སྒྲ་དེ་ལེགས་སྦྱར་གྱི་སྐད་ཐོག་ན་ཚིག་ཟིན་དུ་མ་བསྟན་ཀྱང་། བོད་ཀྱི་སྐད་དུ་བརྡ་གོམས་སྲོལ་གྱི་དབང་གིས་ལ་སྒྲ་བསྣན་ཏེ། འཇམ་པའི་དབྱངས་ལ་ཕྱག་འཚལ་ཞེས་བསྒྱུར་མཛད་དོ། སྔར་གྱི་བོད་ཀྱི་ཡིག་སྒྱུར་བྱ་གཞག་ཁྲོད་ནང་ཆོས་ཀྱི་གཞུང་བོད་ཀྱི་སྐད་དུ་བསྒྱུར་པ་དེས་གནས་བབ་གལ་ཆེན་བཟུང་ཡོད་ཅིང་། དེ་ལས་ལེགས་སྦྱར་གྱི་སྐད་ནས་བོད་ཀྱི་སྐད་དུ་བསྒྱུར་པ་དེ་ཁྱབ་རྒྱ་ཆེ་ཤོས་ལྟ་བུར་སྣང་བས། སྔར་གྱི་ལོ་ཙཱ་བ་དག་གིས་ལེགས་སྦྱར་གྱི་བརྡ་དང་ཐ་སྙད་བོད་སྐད་དུ་བསྒྱུར་པ་ཚད་ལྡན་དུ་ཡོང་ཆེད། རང་མི་རིགས་ཀྱི་བརྡ་གོམས་སྲོལ་ལ་བརྟེན་ཏེ་བྱེ་བྲག་རྟོག་བྱེད་ཆེ་འབྲིང་ཆུང་གསུམ་དང་སྒྲ་སྦྱོར་བམ་གཉིས་ལྟ་བུ་གཏན་ལ་ཕབ་བོ། དེང་གི་ཆར་རྒྱ་ཡིག་དང་བོད་ཡིག་གི་ཡིག་སྒྱུར་ནི་ཤིན་ཏུ་དར་ཁྱབ་དང་དགོས་མཁོ་ཅན་ཞིག་ཡིན་པས། རིག་གནས་པ་ཀུན་གྱིས་མང་ཉུང་ལ་མ་བལྟོས་པར་ཡིག་སྒྱུར་གྱི་ལས་ལ་བརྩོན་བཞིན་མཆིས། འོན་ཀྱང་ཡིག་སྒྱུར་བ་གང་མང་ཞིག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་གོམས་གཤིས་སོགས་ལ་རྒྱུས་མངའ་ཞན་རྐྱེན། བོད་རང་གི་བརྡ་གོམས་སྲོལ་དང་མི་མཐུན་པར་རྒྱ་སྐད་ཀྱི་ལུགས་ཇི་བཞིན་བོད་སྐད་དུ་བསྒྱུར་པས། བོད་ཀྱི་སྐད་དུ་དོན་སྟོན་རྒྱུ་ལྟ་ཅི་མང་མང་ཞིག་དོན་ལོག་ཏུ་ཤོར་བ་ཡང་ཡོང་བཞིན་ཡོད། དཔེར་ན། རྒྱ་སྐད་དུ་红太阳ལྟ་བུ་བོད་ཀྱི་བརྡ་གོམས་སྲོལ་ལ་ཆ་རྒྱུས་མེད་རྐྱེན། ཉི་མ་དམར་པོ་ཞེས་བསྒྱུར་ཅིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་དམན་པའི་མི་ཞིག་གིས་སྐྱོན་དུ་མ་མཐོང་ཡང་། མཁྱེན་དཔྱོད་དང་ལྡན་པ་ཞིག་གིས་བལྟས་ཚེ་དེ་ནི་བོད་རང་གི་སྐད་ཆའི་སྒྱུ་རྩལ་ལས་འདས་པ་རྟོགས་ཐུབ། འོ་ན་ཅི་ཞིག་ཏུ་བསྒྱུར་དགོས་སྙམ་ན་བོད་ཀྱི་སྐད་གཤིས་སུ་ཉི་མ་སེར་པོ་ཞེས་པ་ལས་ཉི་མ་དམར་པོ་ཞེས་མ་གྲགས་པས། ཉི་མ་སེར་པོ་ཞེས་བསྒྱུར་ན་བོད་རང་གི་བརྡ་གོམས་སྲོལ་དང་མཐུན་པ་ཞིག་ཡིན། གཞན་དུ་རྒྱ་སྐད་ཀྱི་笨的像猪ཞེས་པ་བོད་སྐད་དུ་སྒྱུར་སྐབས་སུ་ཐད་སྒྱུར་གྱིས་ཕག་པ་བཞིན་དུ་ལྐུགས་ཞེས་བསྒྱུར་ཅིང་། བོད་ཀྱི་བརྡ་གོམས་སྲོལ་ལ་བག་ཆགས་དབེན་པ་ཞིག་གི་ངོས་ནས་སྒྱུར་སྐྱོན་དུ་མི་སྣང་ཡང་། དེར་བག་ཆགས་ཡོད་པ་ཞིག་གིས་བལྟས་ཚེ་དགོད་བྲོ་བ་ལྟ་བུར་སྣང་སྟེ། སྔར་གྱི་བོད་པའི་ཡིག་ཆ་དག་ན་ལྐུགས་པ་ལུག་ལྟ་བུ་ཞེས་པ་ལས་ཕག་པར་སྦྱོར་སྲོལ་མེད་པས། འདི་ལྟ་བུ་ཡང་བརྡ་གོམས་སྲོལ་གྱི་དབང་དུ་ལྐུགས་པ་ལུག་ལྟ་བུ་ཞེས་བསྒྱུར་དགོས་སྙམ་མོ། དེས་ན་བརྡ་གོམས་སྲོལ་གྱི་སྒྱུར་ཐབས་འདི་ནི་ཤིན་ཏུ་ནས་གལ་ཆེ་བས། སྒྱུར་གྱི་སྐབས་སུ་བོད་རང་གི་གོམས་སྲོལ་དང་མཐུན་པ་ཞིག་ལ་སྦྱོར་བ་ལས། གོམས་སྲོལ་ལས་འགལ་བའམ་མི་མཐུན་པ་ཞིག་ལ་སྦྱོར་མི་རུང་ངོ་།
གཉིས་པ། བརྡ་གོམས་སྲོལ་གྱི་སྒྱུར་ཐབས།
《སྒྲ་སྦྱོར་བམ་གཉིས》ལས “མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ”ཞེས་དང་། འབའ་སྟོད་ཚེ་དབང་རྡོ་རྗེས“བརྗོད་བྱའི་བསྟན་དོན་གཅིག་ཡིན་ཡང་མི་རིགས་གཉིས་ཀའི་སྐད་ཆའི་བརྗོད་སྲོལ་དང་དཔེ་འགོད་ལུགས་ཐད་ལའང་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཡིན། དེ་བས་རང་སྐད་དུ་སྒྱུར་དུས་ཀྱང་སོ་སོའི་ཁྱད་པར་ཕྱེས་ནས་མི་རིགས་རང་རང་གི་བརྗོད་ལུགས་དང་བསྟུན་ནས་སྒྱུར་བ་ལས་ཞྭ་དཔེ་ལྷམ་འགེབ་བྱེད་མི་རུང” ཞེས་གསུངས་པ་བཞིན་ལོ་ཙཱ་ནི་བརྡ་རྟགས་ཡི་གེའི་བརྗེ་བསྒྱུར་དང་། བརྡ་དོན་ཆ་འཕྲིན་གྱི་ཕབ་བསྒྱུར་ལ་བརྟེན་ནས་རིག་གནས་བརྒྱུད་སྤྲོད་བྱེད་པའི་རིགས་ལམ་ཞིག་ཡིན་པས། བརྡ་གོམས་སྲོལ་གྱི་སྒྱུར་ཐབས་ལ་བརྟེན་ནས་མི་རིགས་སོ་སོའི་ནང་སེམས་ཀྱི་ཟབ་ས་ན་གནས་པའི་བརྡ་དང་ཐ་སྙད་བཀོལ་སྤྱོད་བྱས་ཏེ། བུ་ཡིག་གི་ཀློག་པ་པོས་མ་ཡིག་གི་ནང་དོན་ཆད་ལྷག་མེད་པར་རྟོགས་ཐུབ་པ་བྱེད་དགོས། དེ་ཡང་། རྒྱ་ཡིག་གི་马粪、羊粪、牛粪、猪粪、鸡粪ལྟ་བུའི་མིང་ཚིག་སྒྱུར་བའི་ཚེ་ན་མི་རིགས་རང་ཉིད་ཀྱི་བརྡའི་གོམས་སྲོལ་དབང་གིས་རྟ་སྦངས་དང་རིལ་མ། ལྩི་བ། ཕག་སྐྱག བྱ་བྲུན་དུ་བསྒྱུར་དགོས་པ་ལས་རྒྱ་ཡིག་གི་འགྲོས་ལྟར་ཐད་ཀར་དུ་བསྒྱུར་ན་བཞད་བགད་ཀྱི་རྒྱུ་རུ་འགྲོ་སྲིད་པ་དང་། 发情ཟེར་བ་དེ་བོད་སྐད་དུ་བསྒྱུར་བའི་ཚེ་ན་རྟ་བོང་ལ་འཚིག་པ་དང་མཛོ་མོ་ལ་སྦྱིག་པ། བ་ཕྱུགས་དྲུས་པ། ཁྱི་སོགས་བཙའ་བ་སོགས་སུ་བསྒྱུར་དགོས། དེ་མིན། 牦牛舞 འབྲོང་རྩེད་དང་། 红运 རླུང་རྟ་ཡར་འགྲོ། 流产 སྲིད་ཤོར་བ། 立方体 ཤོ་གཟུགས། 金矿 གསེར་ཁ། 盐滩 ཚྭ་ཁ། 全科玉律 རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སོགས་མི་རིགས་གང་དེའི་སྐད་ཆའི་གོམས་སྲོལ་ལྟར་བསྒྱུར་དགོས་ཏེ། མཁས་དབང་དགེ་ཆོས་ཀྱིས་“མང་ཚོགས་ཀྱི་ཁ་སྐད་དུ་སྤྱོད་བཞིན་པའི་སྐད་ཆའི་སྦྱོར་ལུགས་ལ་འདྲིས་ཆ་མེད་ན། བརྡ་སྤྲོད་གཞུང་ལུགས་སོགས་སུ་བསྟན་པའི་བརྡ་གོམས་སྲོལ་གྱི་བསྒྱུར་ལུགས་དེ་ཤིན་ཏུ་བསྒྱུར་དཀའ”ཞེས་གསུངས་པ་ཇི་བཞིན་ནོ།
རྒྱ་བོད་ཡིག་སྒྱུར་ཁྲོད་དུ་གཟབ་ས་གཞན་ཞིག་སྟེ། རྒྱ་ཡིག་ལ་ཕྲད་དང་རྣམ་དབྱེའི་སྦྱོར་བ་བོད་ཡིག་བཞིན་མེད་པར་མིང་ཚིག་དང་བྱ་ཚིག་ལྟ་བུ་ཐད་ཀར་སྦྱོར་བ་ཡིན་ཡང་། བོད་རང་གི་བརྡ་གོམས་སྲོལ་གྱི་དབང་གིས་སྐད་དང་ཡི་གེ་གཉིས་ཀར་ཕྲད་དང་རྣམ་དབྱེའི་སྦྱོར་བ་ཤིན་ཏུ་སྣེ་མང་ཕུན་སུམ་ཚོགས་པ་ཞིག་ཡིན། སྤྱིར་ན་རྟགས་འཇུག་རྩ་བ་ལས། ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་། །མིང་གི་ཁོང་ནས་ཚིག་ཕྱུང་སྟེ། །ཚིག་གིས་དོན་རྣམས་སྟོན་པས་སོ། །ཞེས་ཡི་གེ་ལས་མིང་དང་མིང་ལས་ཚིག །ཚིག་ལས་བརྗོད་པ། བརྗོད་པ་ལས་ངག །ངག་ལས་ས་བཅད། ས་བཅད་ལས་ལེའུ། ལེའུ་ལས་བསྟན་བཅོས་སོགས་རིམ་གྱིས་འཕེལ་ཏེ། མཐར་བཀའ་བསྟན་ལ་སོགས་པའི་ཆོས་ཀྱི་ཕུང་པོ་རྣམས་གྲུབ་པ་ཡིན། འོན་ཀྱང་དེ་དག་གི་བར་དུ་ཕྲད་དང་རྣམ་དབྱེ་མེད་ན་བཀའ་བསྟན་ལྟ་བུའི་ཆོས་ཀྱི་ཕུང་པོ་རྣམས་ལྟ་ཅི། བརྗོད་དོན་སྟོན་པའི་བརྗོད་པ་ཐུང་ངུ་ཞིག་ཀྱང་འགྲུབ་དཀའ། དཔེར་ན།老师授课ལྟ་བུ་དགེ་རྒན་སློབ་ཚན་ཁྲིད་ལྟ་བུར་བསྒྱུར་ན། རྒྱ་ཡིག་གིས་དོན་རྫོགས་པར་བསྟན་ཀྱང་། བོད་སྐད་དུ་དོན་མ་སྦྱོར་བའམ་དོན་འགལ་བའི་སྐྱོན་ཡོད་པས། བྱེད་པ་པོ་དང་ལས་གཉིས་ཀྱི་བར་དུ་བྱ་བ་སྟོན་བྱེད་ཀྱི་སྒྲ་གྱིས་ཞེས་པ་ངེས་པར་དུ་སྦྱར་ནས། དགེ་རྒན་གྱིས་སློབ་ཚན་ཁྲིད་ཅེས་པར་བསྒྱུར་དགོས་སོ།
གཞན་དུ་སྨྲ་སྒོ་མཚོན་ཆ་དང་རྔོག་ལོའི་ཚོགས་གསུམ་སོགས་ནས་ཚིག་གི་རྣམ་གཞག་བསྟན་པའི་སྐབས་སུ། ཚིག་སྡུད་ཀྱི་རྣམ་གཞག་རྒྱ་ཆེར་བསྟན་ཀྱང་། དེང་གི་ཆར་བོད་ཀྱི་བརྡ་སྤྲོད་པའི་ཆིངས་ཚོགས་གསུམ་ལ་མ་བརྟེན་པར། ཕྱི་ལུགས་ཀྱི་ཐར་ཐོར་དུ་གནས་པའི་རྣམ་གཞག་གང་མང་བོད་སྐད་ཀྱི་ལུགས་སུ་སྦྱར་ཡང་། སྣམ་བུར་གོས་ཆེན་གྱི་རི་མོ་མི་དོད་པ་བཞིན་བོད་སྐད་དང་མི་མཐུན་པའི་བརྡ་སྤྲོད་པའི་ལུགས་མང་དུ་སྣང་། དེ་ཡང་ཁྱོན་ཚིག་སྡུད་དྲུག་ཡོད་ཅིང་། དེ་ལས་མི་ཟད་པའི་བསྡུ་བ་ནི་ལེགས་སྦྱར་སྐད་ལས་བོད་སྐད་དུ་མེད་པས་སྦྱོར་མི་བཏུབ་པ་དང་། གཞན་རྣམས་ནི་བོད་སྐད་ཀྱི་བརྡ་གོམས་སྲོལ་དང་མཐུན་པར་སྦྱོར་ཐུབ་པ་ཞིག་ཡིན། དཔེར་ན། རྒྱ་སྐད་དུ་中国农业银行ཞེས་པ་བོད་སྐད་དུ་སྒྱུར་སྐབས་སུ་ཐར་ཀར་ཀྲུང་གོ་ཞིང་ལས་དངུལ་ཁང་ཞེས་བསྒྱུར་ཡོད་ཅིང་། འདི་ཐོག་མར་སྒྱུར་མཁན་དེ་ཡང་ན་བོད་ཀྱི་བརྡ་གོམས་སྲོལ་དང་བོད་ཀྱི་བརྡ་སྤྲོད་པའི་ལུགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ངེས་ལ། ཡང་ན་བོད་སྐད་ཀྱི་བརྡ་གོམས་སྲོལ་དང་བོད་ཀྱི་བརྡ་སྤྲོད་ལ་གོམས་ཆ་ཞན་པ་ཞིག་ཀྱང་ཡིན་སྲིད། དང་པོ་ལྟར་ན་རྗོད་བྱེད་ཀྱི་སྒྲའི་གནས་སྐབས་སུ་ཀྲུང་གོ་ཞིང་ལས་དངུལ་ཁང་ཞེས་དང་། བརྗོད་བྱ་དོན་གྱི་གནས་སྐབས་སུ་ཀྲུང་གོའི་ཞིང་ལས་ཀྱི་དངུལ་ཁང་ཞེས་གོ་དགོས་ཤིང་། གཉིས་པ་ལྟར་ན་བོད་ཀྱི་བརྡ་གོམས་སྲོལ་ལ་མ་བལྟོས་པར་རྒྱ་ཡིག་ཐད་སྒྱུར་གྱི་ཚུལ་དུ་བསྒྱུར་པ་ཞིག་ཡིན། དེས་ན་ཀྲུང་གོ་ཞིང་ལས་དངུལ་ཁང་ཞེས་པ་བོད་ཀྱི་བརྡ་གོམས་སྲོལ་ལ་བྱང་མི་བྱང་གཉིས་ཀས་སྒྱུར་སྟངས་གཅིག་ཏུ་གནས་ཀྱང་། དོན་ཐོག་ཏུ་དགོངས་པ་གཅིག་ཏུ་མ་བབས་པའི་གནད་ཀྱང་ཤེས་དགོས་སོ། །དེས་ན་བོད་ཀྱི་བརྡ་གོམས་སྲོལ་གྱི་དབང་དུ་ཕྲད་དང་རྣམ་དབྱེ་ནི་སྐད་དང་ཡི་གེ་གཉིས་ཀར་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དེ་དག་ཀུན་ཡིག་ཐོག་ཏུ་ཇི་མ་ཇི་བཞིན་དུ་བཀོད་ན་ཚིག་ཚོགས་མང་ཞིང་བརྗོད་བྱའི་དོན་སྒྲིབ་པ་སོགས་ཀྱི་སྐྱོན་བྱུང་ངེས་པས། མཁས་པ་དག་གིས་དགོས་པའི་དབང་དུ་ཚིག་སྡུད་ཀྱི་རྣམ་གཞག་སྤྱད་དེ། འབྲི་བ་དང་སྨྲ་བའི་སྐབས་སུ་རྣམ་དབྱེ་དང་ཕྲད་གང་མང་ཞིག་སྡུད་ནས་བསྟན་ཅིང་། གོ་བ་ལེན་པའི་སྐབས་སུ་རང་རང་གིས་དོན་ཐོབ་ཇི་བཞིན་ཕྲད་དང་རྣམ་དབྱེ་རྣམས་སྦྱོར་དགོས་པ་ནི་བོད་པའི་བརྡ་གོམས་སྲོལ་གྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་པས། ཐོན་མི་ཉིད་ནས་ཀྱང་། སུམ་ཅུ་བའི་སྦྱོར་དངོས་མཇུག་གསུམ་ལས། མཇུག་གི་གཞུང་བསྡུ་བའི་སྐབས་སུ། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་ཚིག་སྡུད་ཡོད་ན་དེ་བཞིན་དུ་སྦྱོར་བར་ཡང་བསྐུལ་ཡོད་དོ།
གསུམ་པ། མཇུག་བསྡུ་བ།
ལོ་ཙཱའི་བྱ་བ་ནི་སླར་རྩོམ་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་ཇི་བཞིན། མ་རྩོམ་གྱི་གོ་དོན་ལ་འཕྲུལ་བ་མེད་པར་གོ་བ་ལོན་ཐུབ་པའི་རྨང་གཞིའི་ཐོག་བུ་ཡིག་ཏུ་ཕབ་དུས་བརྡ་གོམས་སྲོལ་གྱི་སྒྱུར་ཐབས་འདི་སྤྱད་ན་བུ་ཡིག་ཁོ་ན་སྤྱོད་བཞིན་པའི་མི་རིགས་དེས་གོ་བདེ་བ་དང་། དང་ལེན་བྱེད་བདེ་བའི་བྱེད་ནུས་ལྡན་ཡོད། མདོར་ན། རྒྱ་བོད་གཉིས་ལ་མཚོན་ན་ཤེས་རིག་གི་ལོ་རྒྱུས་ཡུན་རིང་ལྡན་ཅིང་། ཕྱི་སྣོད་ཀྱི་འཚོ་བའི་ཡུལ་ལ་ཡང་ཁྱད་པར་ཤིན་ཏུ་ཆེ་བས་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཡང་མི་གཅིག་ལ་སྐད་བརྡའི་གོམས་སྲོལ་ལ་ཡང་ཁྱད་པར་ཆེན་པོ་བྱུང་། ཁྱད་པར་དེས་ལོ་ཙཱའི་ལག་ལེན་ཁྲོད་དུ་དཀའ་གནད་ཆེན་པོ་འབྱུང་བཞིན་ཡོད་པས་དཀའ་གནད་དེ་སེལ་བར་བརྡ་གོམས་སྲོལ་གྱི་སྒྱུར་ཐབས་འདི་སྤྱོད་དགོས་ལ། བརྡ་གོམས་སྲོལ་གྱི་སྒྱུར་ཐབས་སྤྱོད་པར་ཐོག་མར་བོད་རང་གི་སྐད་བརྡའི་གོམས་གཤིས་དང་བརྡ་སྤྲོད་ཀྱི་གཞུང་ལུགས། དམངས་སྲོལ་སོགས་གང་ཐད་ནས་ཆ་རྒྱུས་གཏིང་ཟབ་ཡོད་པ་ཞིག་བྱེདཔ་ཡང་གནད་ཀྱི་དམ་པར་མཐོང་ངོ་།
(བོད་རང་སྐྱོང་ལྗོངས་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་། བཀྲ་ཤིས་མགོན་པོ)