དབུ་ཤོག>བོད་ཀྱི་རིག་གནས།
  • དྲན་སེམས་ཀྱི་ཕ་རོལ་ནས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསེ་རུ།   |     སྤེལ་དུས།  2023-03-28

    རི་རྩེ་ཁ་བས་བཀླུབས་པའི་ཞོགས་པ་འདིར། ཁྱེད་རང་སྡུག་ཡུས་དང་ཞེན་ཆགས་མེད་པར་འདི་ལྟར་ང་ཚོ་དང་ནམ་ཡང་ཞལ་གྱེས་སོང་། གཅིག་བྱས་ན་ཧམ་མོ་ལི་ཀྲི་ཡིས་ཁྱེད་རང་ཤིན་ཏུ་དྲན་པོ་བྱུང་ནས་འདུག་རོགས་སུ་ཁྲིད་ལས་ཆེ། ཡང་གཅིག་མིན་ན་རོ་མེའོ་དང་ཇུ་ལི་ཀྲི་ཤིན་ཏུ་ཡུལ་པོ་བྱུང་ནས་ཁྱེད་རང་སྐྱོ་རོགས་སུ་འབོད་ལས་ཆེ། གང་ལྟར་ཁྱེད་རང་བཀྲས་ཟུར་ཚང་ནས་གཤིན་རྗེ་ལག་དམར་བས་འདི་ལྟར་འཇིག་རྟེན་གཞན་ཞིག་ཏུ་བཀུག་སོང་།

    བསང་དུད་ཀྱི་དྲི་བསུང་འཐུལ་བའི་ཞོགས་པ་འདིར། སྐྱོ་ཤས་དང་འགྱོད་གདུང་གིས་མནར་བའི་སྤུན་གྲོགས་ཚོས་ཁྱེད་ལ་གྱེས་ཕྱག་འབུལ་བཞིན་སྐྱོ་གདུང་གི་མཆི་མའི་རྡོག་པོ་མཆོད་ཀོང་དུ་བསྐྱིལ་ནས་མཐོ་སྒང་གི་རླུང་བུར་སྤུར། སྐྱེ་བའི་མཐའ་མ་འཆི་བ་ལས་མ་འདས་པ་ནི་འཇིན་རྟེན་གྱི་ཆོས་ཉིད་ཡིན་ཤག་ཤག འོན་ཀྱང་ཁྱེད་རང་འདི་ལྟར་འཇིག་རྟེན་གཞན་ཞིག་ཏུ་ཕེབས་པ་སྔ་སོང་། ཁྱེད་རང་འདི་ལྟར་ང་ཚོར་ཕྱག་གཡུག་ཀྱང་གནང་ཁོམ་མ་བྱུང་བར་ཞིང་གཞན་འགྲིམས་པ་སྔ་དྲགས་ཐག་ཆོད་སོང་། ང་ཚོས་ད་དུང་ཁྱེད་ཀྱི་སྐུ་གམ་ནས་སྙན་ངག་གི་ཚོར་འདུ་འཚོལ་འདོད། བརྩམས་སྒྲུང་གི་དྲི་ཞིམ་འཐུ་འདོད། འཚོ་བའི་གཏམ་རྒྱུད་ཉན་འདོད། དེ་བས་ཀྱང་བཀྲས་ཟུར་ཚང་གི་འབྲུག་རྒྱས་དང་པད་མའི་ལྷད་མེད་གཡོ་བ་མེད་པའི་བརྩེ་དུང་ལས་བཏམས་པའི་བཀྲས་ཚུར་ཚང་གི་གསང་བའི་གཏམ་རྒྱུད་མུ་མཐུད་གླེང་བར་འདོད།

    གྲོང་ཁྱེར་གྱི་གྲུ་ཟུར་ཡོད་ཚད་ན་ཁྱི་རྒན་ཀུ་ཅོ་སྒྲོག་པའི་མཚན་མོ་དེར། ཁྱེད་རང་འདུ་བྲལ་གྱི་ཀྱོག་མཚམས་འདི་ནས་ཁུ་སིམ་མེར་བདེ་བའི་ཞིང་དུ་གཤེགས་སོང་། ན་གཞོན་ང་ཚོའི་དྲན་སེམས་ཀྱི་སྙིང་ཁ་ནས་དྲན་གདུང་གི་ཁྲག་དྲོན་འཕྱུར་བ་མཁྱེན་བཞིན་དུ་ཁྱེད་རང་ཞིང་གཞན་དུ་བྱོན་སོང་། གཅིག་བྱས་ན་ཁྱེད་རང་དད་སེམས་ཀྱི་མཚོ་མོ་འཁྱོམ་བཞིན་བྱང་སེམས་ཀྱི་འདབ་ལོ་བཞད་པའི་སྐྱེས་ཆེན་དམ་པའི་ཤུལ་ལམ་རིང་མོ་རིང་མོ་ཞིག་སྙེགས་པར་ཕེབས་ལས་ཆེ། ཡང་གཅིག་མིན་ན་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་འགྲུལ་བཞུད་ལས་བཏམས་པའི་གཏམ་རྒྱུད་མཚར་པོ་མཚར་པོ་ཞིག་འཚོལ་བར་ཕེབས་ཀྱང་སྲིད། གང་ལྟར་བསོད་ནམས་དམན་པའི་ན་གཞོན་ང་ཚོར་ཁྱེད་རང་མཇལ་བའི་སྐལ་བ་ནམ་ཡང་རྫོགས་སོང་། མཚམས་འདིར་གནའ་གྲོང་ལྷ་སའི་བར་སྐོར་གྱི་མི་ཚོགས་ཁྲོད་ནས་བདག་ལ་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་གླེང་བའི་སྤོབས་པས་ཕྱུག་ནའང་ཁྱེད་རང་ཞིང་གཞན་དུ་གཤེགས་པའི་དོན་དངོས་ཁས་ལེན་པའི་བློ་ཁོག་མི་འདུག བདག་གི་སེམས་ཀྱི་གཏིང་རིམ་དུ་སིམ་པ་ནི་ཁྱེད་ཀྱི་འཛུམ་མདངས་དྲོན་མོ་འབའ་ཞིག་གོ

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།