དབུ་ཤོག>བོད་ཀྱི་རིག་གནས།
  • དགའ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདྲུ་བཀྲ་ཤིས་རྒྱལ།   |     སྤེལ་དུས།  2023-03-28

    ཡིད་ཀྱི་འདོད་པ་འཇོ་བའི་དུས་ཚིགས་སུ། །

    དྲན་པའི་གཤིས་ཀྱིས་དགའ་བ་མངོན་དུ་གྱུར། །

    སྟ་གོན་མེད་ཀྱང་དགའ་སྟོན་དཔལ་ལ་རོལ། །

    ཚུལ་དེ་བཅོས་མིན་ཡིད་ཀྱི་གསང་བ་ཙམ། །


    སེམས་ཀྱི་ཟླ་བ་མཁའ་ལ་རྒྱུ་བ་ཡང་། །

    དགའ་བའི་མཚོ་རླབས་དལ་གྱིས་འཕྱོ་བས་ཏེ། །

    ཕུན་ཚོགས་དཔལ་གྱི་ཀུ་མུད་རྒྱས་པ་འདིས། །

    བདག་ཅག་བུང་བའི་ཡིད་ལ་སོམ་ཉི་ཅི། །


    གལ་ཏེ་རྒྱང་དུ་གྱེས་པར་གྱུར་བ་ན། །

    ལྷོད་པ་མེད་པར་དེ་ཡི་ཕྱོགས་སུ་རྒྱུ། །

    འོན་ཏེ་གམ་དུ་བཅར་བར་གྱུར་བའི་མོད། །

    དགའ་བས་དེ་ཉིད་གཟུང་ལ་སྤོབས་པ་བྲལ། །


    དྲན་པའི་ངོགས་སུ་འཕྱོ་བའི་དགའ་བ་འདི། །

    བྱིས་པའི་ངང་ཚུལ་བཟུང་ལ་མངོན་པར་མོས། །

    ནམ་ཞིག་འཆར་ཡན་ཀློང་དུ་ཐིམ་པ་ན། །

    ང་ནི་ཆུ་ཡི་ཟེགས་མ་ཡིན་སྲིད་དམ། །


    བསམ་བརྗོད་བྲལ་བའི་སེམས་ཀྱི་ཚུགས་ཀས་ཀྱང་། །

    འཇིག་རྟེན་འདི་ཡང་སྣ་ཚོགས་དཔལ་དུ་མཐོང་། །

    ལུས་སེམས་དགའ་བས་བརྟས་པའི་ཀློང་རོལ་ན། །

    དགའ་བའི་སྙིང་པོ་འཛུམ་པ་རྣམ་པར་རྨད། །


    ཟབ་ཅིང་ཟད་པ་མེད་པའི་བསམ་གཞིག་ནི། །

    སྡུག་བསྔལ་རིང་དུ་དོར་ལ་རྣམ་པར་འཕྱན། །

    མི་འགྱུར་རི་རྒྱལ་ལྷུན་པོའི་བརྟན་པ་ཡང་། །

    སེམས་འགྱུ་མངའ་ན་དགའ་བ་ཅིས་མི་འཕེལ། །


    ཀུན་ཀྱང་དགའ་བ་འདོད་པས་རྣམ་པར་བརྩོན། །

    འགའ་ཞིག་རང་གཞན་གཉིས་ཀའི་དགའ་བ་འཐུ། །

    དགའ་བ་འདབ་བརྒྱའི་མེ་ཏོག་ཡིན་གྱུར་ན། །

    གཞན་ཕན་སེམས་ནི་རྟ་བདུན་དབང་པོ་འོ། །

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།