དབུ་ཤོག>བོད་ཀྱི་རིག་གནས།
  • རྗེས་དྲན་ཡིད་ཀྱི་མཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2023-03-26

    — གཅིག —

    མི་ཚེ་གཅིག་ལ། རྒྱབ་ཕྱོགས་སུ་ཇེ་རིང་ལ་ལུས་པའི་ལམ་ཐག་དང་། ཇེ་མང་དུ་འགྲོ་བའི་རྐང་རྗེས་དང་བསྟུན་ཏེ། དྲན་པའི་ལམ་དུ་གསལ་བའི་དྲན་ཤེས་མང་པོ། འུར་འུར་གྱི་རླུང་བུ་དང་ལྷབ་ལྷུབ་ཁ་བའི་འདབ་མ་བཞིན་བར་མེད་ལ་འཚུབ་འོངས། དྲན་ཤེས་ནང་། བྱིས་པའི་རྐང་རྗེས་འདྲ་བའི་རི་མོ་དེ་དག ཐག་རིང་གི་ཀི་སྒྲ་འདྲ་བའི་འདུན་པའི་རེ་འབོད་ཀྱི་གདངས་དབྱངས་དེ་དག དཔྱིད་ཀྱི་མེ་ཏོག་འདྲ་བའི་བྱིས་བློའི་འཛུམ་དགོད་དེ་དག ཕ་མའི་བྱམས་སྐྱོང་འདྲ་བའི་ལང་ཚོའི་མཚར་སྡུག་དེ་དག སེམས་སྦུག་ན་གསལ་བའི་མི་ཚེའི་བརྗེད་ཐོ་དེ་དག དུས་ཀྱི་རྗེས་དྲན་དང་ཡིད་ཀྱི་མཆོད་སྡོང་སྟེང་དུ། ལྕགས་ཀྱུར་འཁོན་པའི་ཉ་མོ་དང་ལུས་ལ་འཁྲིལ་བའི་རྣམ་ཤེས་བཞིན། ལང་ཚོའི་མཚར་སྡུག་དང་ལྷན་དུ་གསལ་ལེར་འཚེར།

    — གཉིས། —

    མི་ཚེ་གཅིག་ལ། ཐོད་པའི་མཛེས་རྒྱན་དུ་བཀོད་པའི་གཉེར་རིས་དེ་དག ལང་ཚོའི་དན་རྟགས་སུ་ཕབ་པའི་སྐྲ་དཀར་དེ་དག ཐག་རིང་ཐག་རིང་དུ་ལུས་པའི་རྩེད་གྲོཌ་དེ་དག དྲན་སྐྱེན་ལ་བརྗེད་དཀའ་བའི་རྩེད་ར་སྣུམ་པོ། དྲན་ཤེས་ཀྱི་ཁྲག་རྒྱུན་ཁྲོད་དུ་ལྷོག་ལྷོག་ཏུ་འཁོལ་ཞིང་། རྗེས་དྲན་གྱི་མཁའ་དབྱིངས་མཐོན་པོར་འཇའ་བཞིན་མཛེས། ཕྱིར་དྲན་ནི་དབྱར་དགུན་དུས་ཚིགས་སོ་སོར་བར་མེད་ལ་བཞུར་བའི་རླབས་རྒྱུན་དང་འགྲོགས་པའི་སེམས་ཀྱི་དབྱངས་རྟ་དེ་ཡིན་པས། འཇིག་རྟེན་གཞན་ལ་གཤེགས་པའི་ངོ་རིས་དེ་དག དྲན་པའི་གཏིང་རིམ་ན་རྨི་ལམ་དུ་འཆར་བའི་རི་མོ་བཞིན་དུ། ཐག་རིང་དུ་འཁྱུག་པའི་ཆུ་རིས་བཞིན་དུ། ལ་རྩེ་ན་ཟད་པའི་དར་ལྕོག་བཞིན་དུ། མཁའ་དབྱིངས་སུ་འཕྱོ་བའི་སྤྲིན་དཀར་བཞིན་དུ། དྲན་པའི་ཕྱི་ནང་གསང་གསུམ་ན། ཆུ་མོ་བཞིན་དུ་བཞུར་ཞིང་མར་མེ་བཞིན་དུ་འོད་ལམ་ལམ།

    — གསུམ། —

    ལང་ཚོ་སྟོན་འབྲས་བཞིན་དུ་སྨིན་པའི་ནམ་དུས་དེ་ལ། བརྩེ་བ་དབྱར་མཚོ་བཞིན་རྒྱས་པའི་དུས་ཚིགས་དེ་ལ། ལས་འཕྲོའི་རླུང་བུས་འདེད་པའི་ཆུང་འདྲིས་དེ་ལ། སྙིང་གཏམ་ཡིག་ཆུང་བསྐུར་བའི་འཆར་སྣང་དེ་དག རླབས་རིས་ཤིག་ཤིག་ཏུ་བཞུར་བའི་གཙང་ཆུའི་ཁ་ལ། གྲང་ངར་དར་གྱིས་བསྡམས་ཀྱང་བརྗེད་ཐབས་མི་འདུག བྱ་རྡོ་ལམ་འཕྲད་འདྲ་བའི་འཚོ་བའི་ལམ་ནས། ངང་པ་སེར་པོ་འདྲ་བའི་མི་ཚེའི་སྐྱ་ཡ། རྒོད་པོ་ནམ་མཁར་འཕུར་འདྲའི་བྲག་སྐྱིབས་དེ་ནས། འཚོ་བའི་ནམ་འཕང་གཅོད་པའི་མངར་སྐྱུར་གྱི་གཏམ་རྒྱུད་སྣ་ཚོགས། ལོ་ཆང་མངར་མོ་བཞིན་དུ་རུས་གསེང་ལ་སིམ་པའི། དྲན་པའི་རླབས་རིས་འཁྱུག་པའི་སེམས་ཀྱི་ཞིང་སར། མི་ཚེའི་ཕྱི་ལྟས་གཅིག་གིས་མཆོད་པ་ཕུལ་ན། ལག་གི་འཁར་བ་འདྲ་བའི་ཚེ་གྲོཌ་ཁྱེད་ལ། འཚེ་མེད་གཏན་བདེའི་སྨོན་ལམ་སེམས་ཁོང་ནས་བཞུར་ཡོང་།

    — བཞི། —

    ངུ་གིན་ངུ་གིན་ལ་སླེབས་པའི་འཇིག་རྟེན་འདི་རུ། འགྱེལ་གྱིན་འགྱེལ་གྱིན་དང་སྐྱོར་གྱིན་སྐྱོར་གྱིན་ལ་གོམ་པ་སྤོས་རྗེས། ལེགས་གྲུབ་དང་ཕམ་ཁའི་ཁྲོད་ནས་མི་ཚེའི་མཚན་ཉིད་འཚོལ་གྱིན། དགོད་སྒྲ་དང་མིག་ཆུའི་གསེང་ནས་མངར་སྐྱུར་འཚོ་བའི་བྲོ་བ་མྱོང་བཞིན། སྒྱུ་མ་དང་རྨི་ལམ་བཞིན་ཡལ་མགྱོགས་པའི་མི་ཚེ་འདི་ལ། མེ་ཏོག་དང་འཇའ་ཚོན་ལྟ་བུའི་དཔེ་རེ་འཇོག་བཞིན། སྟོང་ཉིད་སྣང་བའི་མཁའ་ནས་ཆ་མེད་ལ་ཡལ་འགྲོ། མི་ཚེ། ཚེ་སྲོག ལང་ཚོ། གོ་མེད་ཚོར་མེད་ངང་མཁའ་དབྱིངས་སུ་བཞུད་འགྲོ་བའི་སྐར་མདའ་ལྟ་བུ། བྱིས་པ། ཕོ་གཞོན། ཨ་ཕ། རྒད་པོ། ད་དུང་རྒྱབ་ཏུ་ལུས་པའི་ཆེ་ཆུང་དང་ཁ་གཏིང་མི་སྙོམས་པའི་རྐང་རྗེས་དང་། རྐང་རྗེས་དེ་དག་ལ་སིམ་པའི་འཛུམ་མདངས་དང་མིག་ཆུ་དེ་དག ད་དུང་ཡང་རང་འདོད་དང་གཞན་དབང་ཁྲོད་དུ་འགྲིམས་པའི་ཉེ་རིང་གི་ས་ཕྱོགས་དང་། ལང་ཚོ་དང་རྨི་ལམ་ཁྲོད་དུ་བཞུད་སོང་བའི་དབྱར་དགུན་སྟོན་དཔྱིད་ཟེར་བའི་དུས་ཚིགས་དེ་ལ། མི་ཚེའི་ལམ་མདོ་འདི་ནས་ཕྱི་མིག་ཅིག་ལྟ་དུས། ཞེན་ཆགས་ཀྱིས་སྐུལ་བའི་འཚོ་བའི་བརྙན་རིས་དེ་དག སེམས་ངོས་སུ་སྨིན་པའི་དྲན་དུངས་ཀྱི་མཆོད་པ་རེ་རེ་ཡིན་ཨང་།

    — ལྔ། —

    ཁ་བ་ཐོག་མར་འབབ་པའི་དགུན་དུས་འདི་ལ། ཁ་བའི་ཁྲོད་དུ་ཆེ་ཆུང་དང་ཁ་ཞེང་མི་འདྲ་བའི་རྐང་རྗེས་མང་པོ་ཡོད་ལ། རྐང་རྗེས་ཀྱི་སྣེ་མོ་ན། ན་ཚོད་དང་བཟོ་དབྱིབས་མི་འདྲ་བའི་གངས་མི་སྣ་ཚོགས་ཡོད་ངེས། གངས་མི་དེ་དག་བྱིས་དུས་འཚར་ལོངས་ཁྲོད་ཀྱི་དན་རྟགས་སུ་བྱས་ན། རང་སེམས་ཀྱི་ལྕགས་ཀྱུར་འཁོན་པའི་དྲན་ཤེས་སྣ་ཚོགས། དགུན་ཟླའི་ཁ་བ་བཞིན་དུ་སེམས་ངོས་སུ་ལྷབ་ལྷུབ་ཏུ་བབས་འོངས། ཕ་ཡུལ་ནས་གཞན་ཡུལ་ལ་འཐེན་པའི་ཐག་རིང་ཐག་རིང་ཞིག་གི་ས་ན། སེམས་དང་རྡོག་པས་མནན་པའི་ལམ་ཞིག་གསལ། ལམ་དེར་ངའི་རྐང་རྗེས་དང་། རྟ་བོང་གི་རྨིག་རྗེས། རླངས་འཁོར་གྱི་འཁོར་རྗེས་བགྲང་ལས་འདས་པས། དེ་ནི་ངའི་འཚར་ལོངས་ཁྲོད། གཞན་ཡུལ་འགྲིམས་ཤིང་མངར་སྐྱུར་འཚོ་བའི་ལམ་སྣ་འཚོལ་བའི་དན་རྟགས་རེད། མི་ཚེ་འདི་ལ་ཕྱིར་དྲན་ཞིག་བྱེད་དུས། སེམས་ངོས་སུ་གསལ་བ། གཞོམ་ཞིག་མེད་པར་དྲན་སྣང་གིས་གསལ་བའི་རྟག་བརྟན་གྱི་མར་མེ་རེད། ལོ་ཟླ། མི་ཚེ། ཚེ་སྲོག དྲན་ལམ་དུ་གསལ་བའི་རྡོ་བརྐོས་ཀྱི་སྐུ་བརྙན་དེ་ཡིན་པས། ངས་ལྷག་བསམ་དད་པས་ཕྱག་འཚལ་མཆོད་པར་འདོད།

    — དྲུག —

    ཕྱིར་དྲན་ལ་དགའ་བའི་ལོ་དུས་དེ་ལ། ངས་ངོ་ཤེལ་དུ་གསལ་བའི་རང་ངོ་མཐོང་དུས། འབད་འཐབ་ལ་རྩེན་པའི་རང་ཉིད་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད། དུས་ཚོད་མང་པོ་རླུང་བཞིན་བསྐུར་བར་ཁ་རྡུང་ཡང་གཏོང་འདོད། གང་ལྟར་ཀྱང་། ན་ཚོད་འདིར་སླེབས་དུས། ངས་རང་ལུས་གཙང་མའི་ལྷག་བསམ་དང་རྣམ་ཤེས་དཀར་པོས། འགྲོ་བ་སེམས་ཅན་བདེ་ལ་འཁོད་པ་དང་། འཛམ་གླིང་ཞི་བདེར་གནས་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་པར་འདོད།།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།