དབུ་ཤོག>བོད་ཀྱི་རིག་གནས།
  • ​སློབ་མ་སྐྱོང་བའི་ཉམས་མྱོང་ཅུང་ཟད་བརྗོད་པ་གངས་ཆུ་དྭངས་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མྱང་གྲགས་པ།   |     སྤེལ་དུས།  2023-03-26

    ཐོག་མར་འགྲོ་བ་ལྷག་བསམ་སྟེ། །

    བྱམས་དང་བརྩེ་བའི་ས་བོན་གྱིས། །

    སློབ་མའི་སེམས་ཀྱི་ཞིང་བརླན་ན། །

    ཤེས་རིག་མྱུ་གུ་སྐྱེ་བར་གྱུར། །


    སྒོ་གསུམ་སྤྱོད་ལམ་ཚུལ་ལྡན་འདི། །

    འཇིག་རྟེན་མི་ཆོས་ཀུན་གྱི་གཞི། །

    སློབ་མ་སྐྱོང་བའི་གཞུང་ཤིང་སྟེ། །

    རིག་པ་ཐམས་ཅད་འཇུག་པའི་སྒོ །


    ལེགས་པར་བརྩེ་ཞིང་ཞན་པར་སྡང་། །

    ཡིད་འོང་འཛིན་ཅིང་མི་སྡུག་དོར། །

    འབྱོར་བ་ལེན་ཅིང་རྒུད་པ་བཏང་། །

    ཕྱོགས་ཞེན་སེམས་འདི་ཀུན་ནས་སྤོངས། །


    ཐབས་ལ་མཁས་པའི་བཤེས་གཉེན་དེས། །

    སློབ་མའི་གཤིས་སྤྱོད་རབ་བསལ་ནས། །

    གང་ལ་མཁོ་བ་དེ་སྦྱིན་པ། །

    སློབ་མ་སྐྱོང་བའི་རྩལ་གྱི་མཆོག །


    བྱེ་བྲག་སོ་སོར་སྐྱོང་ཚུལ་ནི། །

    ཤེས་རབ་ལྡན་པའི་སློབ་མ་དེ། །

    ལེ་ལོའི་དབང་དུ་ཤོར་ཉེན་ཡོད། །

    བརྩོན་འགྲུས་སློབ་པ་ཀུན་ཏུ་གཅེས། །


    བརྩོན་འགྲུས་ཆེ་བའི་སློབ་མ་དེར། །

    ཤེས་རབ་ཞན་པའི་རྟགས་ཤིག་ཡོད། །

    དངོས་པོའི་གནས་ལུགས་ཆོས་ཉིད་སོགས། །

    ཇི་ལྟར་ཡིན་ཚུལ་བསམ་པ་གནད། །


    རྩེ་རྒོད་དགའ་བའི་སློབ་མ་དེ། །

    རྣམ་གཡེང་དགྲ་ཡིས་འཇིག་ཉེན་ཡོད། །

    རིག་པའི་གནས་གང་བསླབ་ཀྱང་རུང་། །

    སེམས་ཀྱི་གནས་ཆ་འཛིན་སྟངས་གལ། །


    བརྗེད་ངད་མྱུར་བའི་སློབ་མ་དེ། །

    དྲན་པ་ཞན་པའི་ཤས་ཤིག་ཡོད། །

    སྦྱངས་ཟིན་ཤེས་བྱ་བསམ་པ་ཡིས། །

    ཡང་ཡང་སྐྱོང་བར་སྐུལ་མ་གཙོ། །


    གཉིད་རྨུགས་དགའ་བའི་སློབ་མ་དེ། །

    བྱིངས་བའི་མུན་པས་ཐིབས་ཉེན་ཡོད། །

    སེམས་ཀྱི་གསལ་ཆའི་ངར་བསླང་སྟེ། །

    སེམས་ཁམས་བསྟོད་པ་གནད་དུ་ཆེ། །


    དགའ་དད་མེད་པའི་སློབ་མ་དེ། །

    རིག་པ་དོར་བའི་ཉེན་ཅིག་ཡོད། །

    ཤེས་བྱས་རྒྱུ་ནོར་ལོངས་སྤྱོད་སོགས། །

    བསྐྲུན་ནུས་ཕན་པ་སྒྲོག་པ་གཅེས། །


    སྦྱངས་འབྲས་ལེགས་པའི་སློབ་མ་དེ། །

    ང་རྒྱལ་གྲོགས་ཀྱིས་བསླུ་ཉེན་ཡོད། །

    བསྟོད་པའི་ཚིག་གིས་བསྐུལ་དང་ལྷན། །

    སྐྱོན་ཡང་ཅུང་ཟད་གླེང་ན་དུལ། །


    ཡར་སྐྱེད་གོལ་བའི་སློབ་མ་དེ། །

    མདུན་སྐྱོད་གོམ་པ་འཇོག་ཉེན་ཡོད། །

    གཅིག་པུར་སེམས་གཏམ་གླེང་བ་དང་། །

    ཚོགས་དུས་ཡང་ཡང་བསྟོད་ན་ཕན། །


    བྱ་བྱེད་མང་བའི་སློབ་མ་དེ། །

    འབྲས་བུ་ཚབ་ཚུབ་འཁྱེར་དོགས་ཡོད། །

    ཤེས་བྱའི་རྣམ་གྲངས་གཅིག་བཟུང་ནས། །

    ཡང་ཡང་བརྣན་ཏེ་སྦྱོང་བར་སྐུལ། །


    ངོ་བསྟོད་ཞེན་པའི་སློབ་མ་དེ། །

    སྙན་གྲགས་སྟོང་པས་སྐམ་ཉེན་ཡོད། །

    ཕྱི་ཚུལ་མཛེས་པས་མི་ཕན་པའི། །

    སྙིང་པོ་འཛིན་སྟངས་སློབ་པ་གལ། །


    ཡང་ཡང་བསྒོ་ཡང་མི་ཉན་ཅིང་། །

    འཇམ་པོའི་ཚིག་གིས་མ་ཆུན་པའི། །

    བག་མེད་འགའ་ཞིག་ཁྲིད་རྒྱུག་གིས། །

    ཅུང་ཟད་ཉེས་པའང་ཕན་པར་འདོད། །


    འདི་ལྟར་སློབ་མའི་དགའ་དད་དང་། །

    རང་གཤིས་སེམས་ཁམས་མི་འདྲ་བ། །

    ཇི་བཞིན་ཤེས་ནས་ཁྱད་པར་གྱི། །

    ཐབས་ཀྱིས་སྐྱོང་བའི་བཤེས་གཉེན་བསྔགས། །

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།