དབུ་ཤོག>བོད་ཀྱི་རིག་གནས།
  • ​ཡིད་རྟོན་ཅི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཨ་སྨྱོན།   |     སྤེལ་དུས།  2023-03-26

    སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་དུས་འདིར། །

    ཀུན་སྤྱོད་མར་ངོའི་ཟླ་ལྟར་བྲི་བ་ཡི། །

    ཡིད་རྟོན་འཕེར་དཀའི་སྐྱེ་བོ་མི་ཉུང་བས། །

    སྡུག་སྐད་ཕྱོགས་མཐར་སྒྲོགས་ལ་འགལ་བ་ཅི། །

    ངག་ལས་སེམས་ཅན་གསུང་ཞོར་གསོལ་བཏབ་ཀྱང་། །

    ཕྱག་ནང་སོ་སྐྱེ་ནོར་རྫས་རུབ་བསྡུས་ཏེ། །

    ནང་འཁོར་བསྐྱངས་ནས་ནང་བསྟན་བཤིག་བྱེད་པའི། །

    ད་ལྟའི་སྤྲུལ་སྐུ་ལ་ལར་ཡིད་རྟོན་ཅི། །

    གོང་ནས་བྱིན་པའི་གོ་སར་བརྟན་བཞུགས་ཀྱང་། །

    འོག་གི་དམངས་ལ་བྱམས་པའི་སེམས་བྲལ་བར། །

    རང་དོན་ཁོ་ནར་རང་འདུར་རྒྱག་པ་ཡི། །

    ད་ལྟའི་དཔོན་པོ་ལ་ལར་ཡིད་རྟོན་ཅི། །

    རྒྱ་ཆེན་ཐོས་པ་དཀའ་བས་མི་འཚོལ་བར། །

    ཤེས་རིག་གཞུང་ལ་རྩྭ་མགོ་རླུང་རྒྱག་གིས། །

    སྦྱངས་མ་ཐག་ཏུ་དྲ་ངོར་ངོམས་བྱེད་པའི། །

    ད་ལྟའི་མཁས་པ་ལ་ལར་ཡིད་རྟོན་ཅི། །

    སློབ་དཔོན་ཆེན་པོའི་ཆོ་ལོ་ཐོབ་ན་ཡང་། །

    སློབ་བུར་མི་གཅེས་རྣམ་གྲངས་ལ་བརྩོན་ཏེ། །

    སློབ་གྲྭའི་བྱེད་ནུས་མར་མར་འབྲིད་པ་ཡི། །

    ད་ལྟའི་སློབ་དཔོན་ལ་ལར་ཡིད་རྟོན་ཅི། །

    གཞུང་གི་ལས་དང་དོན་ལ་ཁ་གཡར་ནས། །

    རང་གི་སྒེར་དོན་འཆུགས་མེད་གཉེར་བྱས་ཐོག །

    ད་རུང་འཁང་ཚིག་མ་ཎི་བཟློ་འགྱུར་བའི། །

    ད་ལྟའི་ལས་བྱེད་ལ་ལར་ཡིད་རྟོན་ཅི། །

    ཕ་མེས་དུས་ནས་མ་ཉམས་རྒྱུན་འཛིན་པའི། །

    ཡ་རབས་སྲོལ་བཟང་གོང་དུ་མི་སྤེལ་བར། །

    ཉིན་གང་གྲོང་ནང་འཛུལ་ལ་བྲེལ་བ་ཡི། །

    ད་ལྟའི་ཕ་མ་ལ་ལར་ཡིད་རྟོན་ཅི། །

    ཆུང་བའི་སྐབས་སུ་ཟས་གོས་ནོར་མང་སྦྱིན། །

    གཞོན་དུས་སློབ་གྲྭར་འཇུག་ལ་རོགས་རེས་བགྱིས། །

    རང་མགོ་ཐོན་དུས་དྲིན་ཅན་བརྗེད་ངེས་པའི། །

    ད་ལྟའི་གཉེན་ཉེ་ལ་ལར་ཡིད་རྟོན་ཅི། །

    ཁ་རྒྱབ་དོན་ལ་དོན་མཐུན་ལས་སུ་ཞུགས། །

    རིན་ཆེན་ནོར་བཙལ་ནོར་བདག་ཏུ་གྱུར་ཀྱང་། །

    ཚོགས་པ་སྤྱི་ཡི་སྤྱི་དོན་འདོར་བ་ཡི། །

    ད་ལྟའི་ཚོང་དཔོན་ལ་ལར་ཡིད་རྟོན་ཅི། །

    ལྷན་སྐྱེས་སྐད་ངག་བདེ་མོས་ཡར་སྦར་ཞིང་། །

    མཛེས་པའི་སྟེགས་བུས་སྣང་བ་བྲིད་པའི་མཐུས། །

    རྒྱགས་སེམས་རྐང་རྡུལ་གང་སར་འཚུབ་བྱེད་པའི། །

    ད་ལྟའི་གླུ་པ་ལ་ལར་ཡིད་རྟོན་ཅི། །

    ཡང་མེས་དུས་ནས་བསགས་པའི་མཁོ་དགུའི་ནོར། །

    རང་གི་ལག་པའི་མཐིལ་དུ་བབས་པ་ཀུན། །

    ཤོ་དང་བུད་མེད་ཆང་ལ་བསྟིམས་པ་ཡི། །

    ད་ལྟའི་སྟག་ཤར་ལ་ལར་ཡིད་རྟོན་ཅི། །

    ཕ་མའི་དྲིན་ལས་གཞན་ཡུལ་འགྲིམས་རྗེས་སུ། །

    སེམས་ཀྱི་གཏད་སོ་གཅིག་ལ་མ་ངེས་པར། །

    སྐྱ་ཡ་གཅེས་ཕྲུག་སྣང་མེད་འདོར་ངེས་པའི། །

    ད་ལྟའི་གསར་མོ་ལ་ལར་ཡིད་རྟོན་ཅི། །

    ཕར་ལ་ཕན་པའི་བྱ་བ་མང་བསྒྲུབས་ཀྱང་། །

    ཚུར་ལ་གནོད་གྲིས་ལྐོག་ནས་གཙགས་བགྱི་བ། །

    མི་ཡི་ལུས་ལ་ཁྱི་ཡི་སྦྱོར་བ་ཅན། །

    ད་ལྟའི་གྲོགས་པོ་ལ་ལར་ཡིད་རྟོན་ཅི། །

    ཤེས་རབ་རྣོ་ཡང་ཤེས་བྱར་བརྩོན་པ་བྲལ། །

    ཤེས་པ་འཆལ་བོ་མི་ཤེས་གཅིག་ཀྱང་མེད། །

    ཤེས་ལྡན་བཤེས་ཀྱི་རེ་བ་རྫོབ་བྱེད་པའི། །

    ད་ལྟའི་སློབ་མ་ལ་ལར་ཡིད་རྟོན་ཅི། །

    ནང་ཁོག་ཤེས་རིག་གཏེར་གྱིས་མ་ཕྱུག་ན། །

    ཁ་ནང་གང་བུད་ལག་ནང་གང་བྲིས་ཚོགས། །

    རིགས་ཀྱི་རྨ་ཁྲག་འབྱིན་ལ་གཟས་འགྱུར་བའི། །

    ད་ལྟའི་དྲ་འབུ་ལ་ལར་ཡིད་རྟོན་ཅི། །

    རང་དོན་གཙུག་ཏུ་བཀུར་བའི་དུས་རབས་འདིར། །

    སྤྱི་དོན་ཟླ་བ་མར་ངོར་བསྒྱུར་མཁན་གྱི། །

    ཡིད་རྟོན་བྲལ་བའི་མི་ཕོ་མང་མཐོང་བས། །

    སྡུག་གླུ་ཐན་ཐུན་ཡང་བསྐྱར་ངག་ལས་ཤོར། །

    འདི་ནི་རང་མཁས་རང་འདོད་བསྟན་པ་མིན། །

    གཞན་གྱི་མཚང་བྲུས་གཞན་སྨོད་བགྱིས་པ་མིན། །

    རིགས་ཀྱི་མཛངས་མིའི་སྤོབས་སེམས་འདེགས་ཕྱིར་ཏེ། །

    ཤེས་ལྡན་གཉོམ་ཆུང་ཞིག་གི་དཔའ་གླུ་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།