དབུ་ཤོག>བོད་ཀྱི་རིག་གནས།
  • རྣ་བ་བཀབ་ནས་དྲིལ་བུ་རྐུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-26

    སྔར་རྐུན་མ་ཞིག་གིས་མི་ཚང་ཆེན་པོ་ཞིག་གི་སྒོ་རའི་ནང་དུ་ཅོང་ཆེན་པོ་ཞིག་ཡོད་པ་མཐོང་། ཁོས། ཧ་ཧ། གལ་ཏེ་ངས་ཅོང་དེ་རྐུ་ཐུབ་པ་ཡིན་ན་ང་ཕྱུག་པོ་ཆགས་ངེས་རེད་སྙམ་སྟེ། ཅོང་དེ་བརྐུ་ཐབས་བསམ་བློ་བཏང་ཞིང་། མཚན་མོ་མི་རྣམས་ཉལ་ཚར་རྗེས་ཁོས་ལྐོག་ཏུ་མི་ཚང་དེའི་གྱང་ལས་མཆོངས་ཏེ་ཅོང་ཡོད་སར་ཕྱིན་ནས་དེ་ལ་རེག་ཙམ་བྱས། ཅོང་དེ་ཧ་ཅང་ལྕི་བས་འཁྱེར་ཐབས་བྲལ་བ་མ་ཟད། ཁོས་ཅོང་ལ་ལག་པ་འཆང་མ་ཐག་དེ་ནས་སྒྲ་གྲག་བཞིན་ཡོད། ཁོའི་བསམ་པར། ཡག་པོ་བྱུང་མ་སོང་། སྒྲ་འདི་ལྟར་ཆེ་བས་མི་རྣམས་ཀྱིས་ཐོས་ན་རང་ཉིད་བཟུང་ངེས་རེད་བསམས་ནས་ཞེད་སྣང་ཆེན་པོ་བྱུང་། ཁོས་ཅོང་གི་འཁྲིས་སུ་བསྡད་དེ་ཅོང་དེ་ཇི་ལྟར་འཁྱེར་མིན་ཐད་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་། གློ་བུར་དུ་ཁོས་སྨིན་མ་གཟེངས་ཙམ་བྱས་ཏེ། ཐབས་ཤེས་རྙེད་སོང་། ཅོང་འདི་ཧྲུག་ཆག་བཏང་ན་འཁྱེར་ཐུབ་ཀྱི་རེད་སྙམ་ནས་ཧྲུག་ཆག་བཏང་སྟེ་རྐུ་ཐབས་བྱས། འོན་ཀྱང་ཅོང་དེ་ཧྲུག་ཆག་གཏོང་སྐབས་སྒྲ་གྲག་ངེས་ཡིན་པས། ཡང་སྙིང་ཇི་ལྟར་བྱ་དགོས་བསམས་ནས་མགོ་བོ་ན་ཞིང་ཐབས་ཤེས་ཡག་པོ་ཞིག་མ་རྙེད།

    གློ་བུར་དུ་ཁོ་ལ་ཇུས་བཟང་ཞིག་རྙེད་པ་སྟེ། ཁོས་རྣ་བ་འགེབས་བྱེད་ཅིག་ཁྱེར་ཡོང་སྟེ། རང་གི་རྣ་བ་གཉིས་པོ་ལེགས་པར་བཀབ་ནས་གང་ཡང་མ་ཐོས་པ་ཞིག་བཟོས། ཨ་ཙི་ཙི། འདི་འདྲའི་ཐབས་ཤེས་བཟང་བ་ལ། སུས་ཀྱང་སྒྲ་ཐོས་ཐབས་བྲལ། ཁོས་འདི་ལྟར་ཆིག་ལབ་རྒྱག་བཞིན་དུ་ཐོ་བ་ཆེན་པོ་ཞིག་འཕྱར་ནས་ཅོང་དེ་བཅག

    ཏང་། ཏང་། ཏང་ཞེས་པའི་ཅོང་སྒྲ་གྲག་པས་དེ་མ་ཐག་རྐུན་མ་བཟུང་མཁན་ཡོང་བ་རེད། འོན་ཀྱང་རྐུན་མ་དེས་ཅོང་སྒྲ་གཞན་གྱིས་ཐོས་དོན་གང་ཡིན་གཏན་ནས་མི་ཤེས།

    དགོད་བྲོ་བ་ནི་རྐུན་མས་རང་དཔེ་གཞན་འགེབས་བྱས་པ་དེ་རེད། རྣ་བ་འགེབས་བྱེད་ཆ་གཅིག་གིས་རང་གི་རྣ་ཅོག་བཀབ་ཐུབ་པ་ལས། གནམ་འོག་གི་མི་ཚོའི་རྣ་བ་འགེབས་ག་ལ་ཐུབ། ཀློག་པ་པོ་ལྷན་རྒྱས་ཀྱིས་གསུངས་ན་འདི་ཡང་ལྐུགས་པའི་སྤྱང་ཇུས་ཤིག་མ་རེད་དམ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།