དབུ་ཤོག>བོད་ཀྱི་རིག་གནས།
  • སྤོས་ཀྱི་རིག་གནས་དར་སྤེལ་ཧུར་ཐག་གཏོང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-25

    “སྤོས་ཀྱི་འབྱུང་ཁུངས”ཞེས་འབོད་པའི་སྙེ་མོ་རྫོང་གི་སྤོས་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། སྤོས་བཟོ་རྩལ་རྒྱུན་འཛིན་པ་མི་རབས་རེ་རེས་སྤོས་བཟོའི་ལག་རྩལ་གཅེས་ཉར་དང་། ཞིབ་འཇུག་རྣམ་པའི་སློབ་སྦྱོང་། རྒྱུན་འཛིན་བཅས་བྱས་ཡོད། “00ནང་སྐྱེས”ཀྱི་ཕོ་གསར་སྤེན་པ་ཚེ་རིང་ནི་སྙེ་མོ་རྫོང་གི་སྤོས་བཟོའི་ཁྱིམ་ཞིག་ཏུ་སྐྱེས།

    སྤེན་པ་ཚེ་རིང་ནི་ནན་ཅིང་དུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན། ཁོང་གིས་གསར་འགོད་པར་ང་རང་ཆུང་དུས་ནས་སྤོས་ལ་བག་ཆགས་ཟབ་མོ་བྱུང་ཞེས་བཤད།

    སྤོས་དང་ཐོག་མར་འབྲེལ་འདྲིས་བྱུང་བ་ནི་སྤེན་པ་ཚེ་རིང་ལོ་10ཡི་སྐབས་སུ་ཡིན་ཞིང་། ལོ་དེར་སྤོ་བོ་ལགས་དང་པཱ་ལགས་ཀྱིས་ཁོང་སྤོས་བཟོ་ཁང་དུ་ཁྲིད་དེ་སྤོས་བཟོའི་རྒྱུ་ཆ་དང་ཡོ་ཆས་སོགས་རེ་རེ་བཞིན་ངོ་སྤྲོད་བྱས་རྗེས་སྤོས་བཟོ་འགོ་ཚུགས།

    “དང་ཐོག་གི་རྒྱུ་ཆ་མང་པོ་ནས་མཐའ་མཇུག་གི་སྤོས་ཀྱི་ཐོན་རྫས་བར་གྱི་བརྒྱུད་རིམ་ནི་དངོས་གནས་ངོ་མཚར་ཆེ་བ་ཞིག་རེད། སྐབས་དེ་དུས་ལོ་ན་ཕྲ་བའི་ངའི་སེམས་ལ་ཡ་མཚན་ཆེན་པོ་སྐྱེས་བྱུང་། དེ་ནས་བཟུང་། སྤོ་བོ་ལགས་དང་པཱ་ལགས་དང་མཉམ་དུ་ཉིན་ལྟར་སྤོས་བཟོ་ཁང་དུ་ཡོང་སྟེ་རྒྱུ་ཆ་སྡེབ་སྦྱོར་བྱེད་སྟངས་ནས་འགོ་བརྩམས་ཏེ་སློབ་སྦྱོང་བྱས་པ་ཡིན། མཚམས་རེ་ཉིན་གང་པོར་སྤོས་བཟོ་ཁང་དུ་སྡོད་དགོས་ཀྱི་འདུག”ཅེས་སྤེན་པ་ཚེ་རིང་གིས་བཤད།

    སྤེན་པ་ཚེ་རིང་གིས། སྤོས་ལ་མི་དེ་བས་མང་བའི་ཁས་ལེན་ཐོབ་དགོས་ན། སློབ་སྦྱོང་ཡག་པོ་བྱས་ཏེ་སློབ་ཆེན་ཐོན་རྗེས་སྤོས་ཀྱི་རིག་གནས་དར་སྤེལ་ཧུར་ཐག་བཏང་ནས་ཁོང་ཚོར་སྤོས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་དུ་འཇུག་དགོས་པ་ཤེས་རྟོགས་ཟབ་མོ་བྱུང་ཞེས་བཤད། ཁོང་གིས“སློབ་སྦྱོང་ནན་ཏན་བྱེད་པ་དང་ཆབས་ཅིག མི་དེ་བས་མང་བས་སྤོས་ལ་རྒྱུས་མངའ་ཡོང་བར་བྱ་ཆེད། སྤོས་བཟོ་བ་དང་སྤོས་ཀྱི་རིག་གནས་དྲིལ་བསྒྲགས་བྱེད་པའི་གོ་སྐབས་ཡོད་ཚད་དམ་འཛིན་བྱེད་དགོས། ང་དང་འདྲ་བའི་ན་གཞོན་མང་པོ་ཞིག་སྤོས་ལ་རྒྱུས་མངའ་ཆེན་པོ་མེད། ང་ཕ་ཡུལ་དང་ཁ་བྲལ་ནས་ཐག་རིང་དུ་སློབ་གྲྭ་འགྲིམས་པ་དེ་ཡང་རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་འདོད་པ་ཁོ་ན་མ་ཡིན་པར། མི་དེ་བས་མང་བས་སྤོས་ལ་རྒྱུས་མངའ་དང་སྤོས་ཀྱི་རིག་གནས་ལ་དགའ་ཞེན་ཡོང་ཆེད་ཡིན། སྤོས་ལས་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་དང་དམིགས་ཚད་རྙེད་བྱུང”ཞེས་བཤད།

    འབྱུང་འགྱུར་གྱི་འཆར་གཞིའི་སྐོར་གླེང་སྐབས། སྤེན་པ་ཚེ་རིང་གིས“གསར་འགོད་པར་སློབ་གྲྭ་ཐོན་རྗེས་རང་ཉིད་ཀྱི་སྤོས་བཟོ་བའི་ལག་རྩལ་ལ་བརྟེན་ནས་བྱ་གཞག་གཏོད་འདོད་ཡོད། ང་ཚོ་ནི་སྙེ་མོའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སྤོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་འགག་རྩ་ང་ཚོར་ཐུག་ཡོད། སྤོས་ཀྱི་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།