དབུ་ཤོག>བོད་ཀྱི་རིག་གནས།
  • རྩོམ་པ་པོ་གྲཊ་ཅན་ཁོང་གི་བརྩམས་སྒྲུང་རིང་གྲས《འཁོར་བའི་ཉི་མ》དཔར་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-03-21

    微信图片_20230321102333.jpg

    བསམ་ཤོད་པ་དཀོན་ཅོག་ཡོན་ཏན། 

    བསམ་ཤོད་པ་དཀོན་ཅོག་ཡོན་ཏན་ལགས་ནི། 1961ལོར་ཡར་འབྲོག་སྟག་ལུང་དུ་སྐྱེས། བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་ཚན་ཁག་ནས་ཐོན། ད་ལྟ་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་བོད་ལྗོངས་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། ལྷོ་ཁའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ཚངས་དབྱངས་རྒྱ་མཚོ་རིག་གནས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།  

     1980ལོ་ནས་བཟུང་སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས《ཀྲུང་གོའི་བོད་རིག་པ》དང་། 《ཀྲུང་གོའི་བོད་ལྗོངས》《མི་རིགས་ཀྱི་རྩོམ་རིག》《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《སྤང་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་དུས་དེབ་དུ་མའི་སྟེང་རྩོམ་རིག་དང་།  དམངས་སྲོལ།  ཞིབ་འཇུག བསྒྱུར་རྩོམ་སོགས་ཀྱི་བརྩམས་ཆོས་400ལྷག་ཙམ་སྤེལ། སྔ་ཕྱིར། འཛམ་གླིང་སློབ་གསོའི་གྲགས་རྩོམ《ཁྱེའུ་དུས་སློབ་གསོའི་མན་ངག》བོད་འགྱུར་མ་དང་། རིག་གནས་ལྗོངས་རྒྱུའི་མུ་སྦྲེལ་ལྷུག་རྩོམ་རིང་མོ《ཡར་འབྲོག་གི་ལམ་ཡིག》ལྷུག་རྩོམ་གཅེས་བཏུས《མི་ཡུལ་གྱི་དག་ཞིང》སོགས་པར་སྐྲུན་འགྲེམས་སྤེལ་བྱས། 《རླུང་འདྲེན་ཟིན་ཐོ》ཞེས་པར་མི་རིགས་རྩོམ་རིག་གི་2019ལོའི་ལོ་འཁོར་བསྒྱུར་རྩོམ་བྱ་དགའ་དང་། 《ཡར་འབྲོག་གི་ལམ་ཡིག》ཅེས་པར་ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཡར་ཀླུང་རྩོམ་རིག་གི་བྱ་དགའ་ཐོབ།

    微信图片_20230321102342.jpg

    ནང་དོན་མདོར་བསྡུས།

    སྒྲུང་རིང《འཁོར་བའི་ཉི་མ》ཞེས་པ་ནི། བོད་ཀྱི་ཞིང་གྲོང་གི་སྐུ་དྲག་སྒེར་པ་གཟིམ་ལྷུན་རབ་པའི་སྲས་སྐུ་བགྲེས་རྡོ་རྗེ་དཔལ་བཟང་དང་། གམ་གཡོག་རྒྱ་དོར་གཉིས་ཀྱི་མི་ཚེའི་བརྒྱུད་རིམ་གསར་རྩོམ་གྱི་གཙོ་ཐིག་གཉིས་སུ་བྱས་ཏེ། ཉེ་རབས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆུ་རྒྱུན་ཁྲོད་ཐོན་པའི་དབྱིན་འགོག་གཡུལ་འགྱེད་དང་། བཀས་བཀོད་སྤྱི་ཚོགས། ཞི་བའི་བཅིངས་འགྲོལ། ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར། རང་སྲུང་རྒོལ་ལན། སྒྱུར་བཅོས་སྒོ་དབྱེ་སོགས་གལ་ཆེའི་ལོ་རྒྱུས་ཀྱི་དོན་རྐྱེན་རབ་དང་རིམ་པར་གཞི་འཛིན་གྱིས་ཐབས་མཁས་ངང་གཅིག་འཇགས་གཉིས་ལངས་སུ་གྱུར་བའི་མི་སྒེར་གྱི་ཀྱག་ཀྱོག་ལས་དབང་འབྲི་བཞེངས་བྱ་ཐབས་ལ་བརྟེན་ནས་གསོན་ཉམས་དོད་པོས་ཆེ་བ་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་ཆུང་བ་ཁྱིམ་རྒྱུད་ཀྱི་དར་རྒུད་མངོན་པར་བྱས་ཡོད། དེ་ཡང་ཕྱོགས་གཅིག་ནས་རྒྱ་ཁྱབ་གཏིང་ཟབ་ཀྱི་སྒོ་ནས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་འོག་མཐོ་རིམ་སྐུ་དྲག་ནང་ཁུལ་དབར་ཕན་ཚུན་མགོ་བདེ་གཡོ་འཕྲུལ་དང་། མངོན་འཛིང་ལྐོག་འཐབ། གོ་གནས་འཕྲོག་རྩོད། ནང་བྲན་ཉོ་ཚོང་། བྲན་མོར་རྡོག་རོལ་སོགས་ཐ་ཤལ་སྐྱུག་བྲོའི་མུན་ནག་གི་སྡིག་ཏོའི་བྱ་ངན་དུ་མ་དམར་རྗེན་དུ་ཐེར་འདོན་བྱས་ཤིང་། ཕྱོགས་གཞན་ཞིག་ནས་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་མི་དམངས་བཅིངས་འགྲོལ་དམག་གིས་རྒྱ་ཆེའི་བོད་རིགས་མི་དམངས་ལ་སྣེ་ཁྲིད་ཀྱིས་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་རང་ཁྱིམ་རང་བདག་དང་། དེ་བཞིན་སྒྱུར་བཅོས་སྒོ་དབྱེ་དང་བདེ་སྡོད་ལས་བརྩོན་སོགས་བདེ་སྐྱིད་ཀྱི་འོད་སྟོང་འབར་བའི་གསར་སྐྱེས་ལ་བསྔགས་བརྗོད་གནང་འདུག

    བརྩམས་སྒྲུང་དེར་འཚོ་བའི་རྣམ་པ་ཟབ་མོ་དང་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་དེ། མི་སྣའི་ཕྱིའི་ཁྱད་ཆོས་དང་ནང་སེམས་ཀྱི་འཆར་སྒོ་ཡིན་ནའང་འདྲ། ཟས་གོས་འགྲོ་སྡོད་བཅས་ཀྱི་འཚོ་བ་དང་། བཀྲ་ཤིས་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་དམངས་སྲོལ་ཡིན་ནའང་འདྲ། ཚང་མར་རྩོམ་པ་པོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་པ་དང་དམངས་སྲོལ་རིག་པའི་ཐོག་ནས་ཞིབ་འབྲི་བྱས་པའི་མི་སྣའི་གཤིས་ཀ་དང་སྤྱི་ཚོགས་འཕོ་འགྱུར་གྱི་བྱུང་རིམ་དེ་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་ཀྱི་རྨང་གཞིའི་ཐོག་གཞི་ཚུགས་བྱས་ཡོད་པས་དེ་ནི་བརྩམས་ཆོས་དེའི་བཀྲག་མདངས་འཚེར་ས་གཞན་ཞིག་ཡིན།

    《འཁོར་བའི་ཀྱི་ཉི་མ》ནི་བོད་ལྗོངས་ས་མཐོར་འཚོ་གནས་བྱེད་མཁན་མི་རྣམས་ཀྱིས་གསར་འབྱེད་ཕོད་པ་དང་། སྤྱང་གྲུང་ལྡན་ལ་འགྱུར་ལྡོག་འགྲོ་རེ་བྱེད་པ། བློ་རྒྱ་ཆེན་པོ་ཡོད་པ། སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་སོགས་ཀྱི་སྙིང་སྟོབས་མཚོན་པ་མ་ཟད། ལོ་རྒྱུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་ཟང་ཟིང་དུས་སྐབས་སུ་མི་རྣམས་ལ་ཐེབས་པའི་རྡབ་རྡེག་དང་། ཚོགས་པའི་གཤིས་རྒྱུད་ཀྱི་ཕྱོགས་གཉིས་རང་བཞིན་དང་རྗེས་ལུས་ཀྱི་འདུ་ཤེས་ཀྱིས་མི་སྣར་བཟོས་པའི་བཀག་རྒྱ་ཡང་ཞིབ་བཀོད་བྱས་ཡོད།

    微信图片_20230321102347.jpg

    རྩོམ་པ་པོའི་བརྩམས་ཆོས་གཞན་དག

    མདོར་ན། བརྩམས་སྒྲུང་དེའི་བརྗོད་དོན་ནི་ས་མཐོ་ཡིན་ལ།  བྱུང་རིམ་ཀྱག་ཀྱོག་ཡིན་པ། མི་སྣ་གསོན་ཉམས་དོད་པ། བསམ་བཀོད་ངོ་མཚར་ཆེ་བ། སྐད་ཆ་གསོན་ཉམས་དོད་ལ་དགོད་བྲོ་བ། རྩོམ་རིག་གི་རིན་ཐང་དང་བསམ་བློའི་རིན་ཐང་ཆེ་ཙམ་ལྡན་ཡོད་སྙམ་མོ། །

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།