ང་ཡི་བདེ་སྐྱིད་ལྷ་མོ།
དབྱར་དུས་ཀྱི་གཡང་ལུང་གྲོང་ཚོ་ནི་ཚེ་སྲོག་དབེན་པའི་བེམ་རོ་ཞིག་དང་འདྲ་བར། གྲག་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག གྲོང་ཚོའི་སྐྱེས་པ་ཕལ་ཆེ་བ་གཞན་ཡུལ་དུ་ཞོར་ལས་བྱེད་པར་སོང་རྐྱེན། གྲོང་ཚོའི་ནང་བགྲེས་སོང་དང་བུད་མེད། བྱིས་པ་ཕུད་སྐྱེས་པ་ཧ་ཅང་མཐོང་དཀོན་པས། སྐྱེས་པ་མེད་པའི་གྲོང་ཚོ་ནི་རྣམ་ཤེས་དབེན་པའི་གཟུགས་ཕུང་ཞིག་དང་འདྲ་བར་སྐྱེ་སྟོབས་ཀྱི་གསོན་ཤུགས་ཅི་ཡང་མི་སྣང་།
ང་རང་གཡང་ལུང་གྲོང་ཚོར་འབྱོར་དུས་ཉི་མ་ཤར་རིའི་རྩེ་ནས་མཁའ་ལ་འཕགས་ནས་ཅང་འགོར་མེད་པ་འདྲ། ཡུན་རིང་ཞིག་ལ་ཉི་མ་མིག་གིས་རིག་རྒྱུ་མ་བྱུང་བས། གློ་བུར་དུ་ཉི་མའི་འོད་ཟེར་ངར་མོ་མིག་མཐར་འཕྲོས་དུས་མིག་ཟུང་གཟན་པར་གྱུར་ཏེ་རང་དབང་མེད་པར་མིག་ཆུ་ས་ལ་འཐོར་འགྲོ།
གཡང་ལུང་གྲོང་ཚོ་ནི་ངའི་སྐྱེས་ཡུལ་མིན་ཡང་། ང་རང་གཡང་ལུང་གྲོང་ཚོར་བརྩེ་འདང་ཧ་ཅང་ཆེ། གལ་ཏེ་ཁོ་བོ་གཡང་ལུང་གྲོང་ཚོར་བརྩེ་འདང་ཆེ་དོན་ཅི་ཡིན་དྲིས་ཚེ་དེ་ནི་བུད་མེད་ཅིག་དང་འབྲེལ་བ་ཡོད་ཁོ་ཐག་ཡིན། བུ་མོ་དེའི་མིང་ལ་བདེ་སྐྱིད་ལྷ་མོ་ཟེར། བདེ་སྐྱིད་ལྷ་མོ་དང་ངོ་ཤེས་བྱུང་ནས་ད་བར་དུ་ལོ་ངོ་བཅོ་ལྔ་ལྷག་འདས་ཟིན། ངེད་གཉིས་པོའི་འདས་སོང་གི་གཏམ་རྒྱུད་དག་དྲན་ན། ངའི་ཡིད་ཀྱི་ནོར་འཛིན་སྐྱ་མོར་འགྱོད་གདུང་གི་ཐལ་རྡུལ་འཚུབ་ཅིང་། སེམས་པ་སྐྱ་མོ་སྡུག་ལ་གཏད་འགྲོ་མོད། སུ་ཞིག་གིས་ཀྱང་འདས་སོང་གི་གནས་ཚུལ་ལ་འགྱུར་བ་གཏོང་ཐབས་ཤིག་ག་ལ་ཡོད།
ལོ་ངོ་བཅོ་ལྔའི་གོང་གི་ང་རང་ནི་གཡང་ལུང་གྲོང་ཚོའི་གྲོང་དཔོན་ཡིན། ཡང་གཅིག་བཤད་ན། ང་རང་ནི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་ལས་བྱེད་པ་ཞིག་ཡིན་པས། རིག་གནས་སློབ་གསོ་ཅུང་ཟད་རྗེས་ལུས་ཡིན་པའི་གྲོང་ཚོ་དེར་མཚོན་ན། ང་རང་ལྟ་བུའི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་གྲོང་དཔོན་ཉུང་ཉུང་ཡིན་པས། གྲོང་ཚོའི་རོང་འབྲོག་མང་ཚོགས་ཚོས་བདག་ལ་བརྩི་བཀུར་ཆེན་པོ་བྱེད་པ་བརྗོད་མེད་རེད།
ཉིན་ཞིག་གི་མཚན་མོར། བདེ་སྐྱིད་ལྷ་མོ་ངའི་གམ་དུ་སླེབས་བྱུང་། མཚན་མོ་དེ་ནི་ཚེས་པ་བཅོ་ལྔའི་མཚན་མོ་ཞིག་ཡིན་པ་འདྲ། དཀར་ཞིང་སྒོར་བའི་སྐར་ཚོགས་ཀྱི་རྒྱལ་པོས་རང་ལུས་ཀྱི་འོད་མདངས་ཕྱོགས་བཅུར་ངོམས་ནས་སྨག་རུམ་གྱི་སྲིན་པོའི་བྱེད་གཏེ་ལེ་དབར་ཁྲག་ཁྲིག་གི་ཕ་མཐར་རྒྱང་དུ་སྤྱུགས་འདུག བདེ་སྐྱིད་ལྷ་མོ་ངའི་གམ་དུ་ཡོང་བའི་རྒྱུ་རྐྱེན་གཅིག་རང་ལས་མེད་དེ། དེ་ནི་བཀའ་དྲིན་གསོལ་དུ་ཡོང་བ་དེ་རེད། བུད་མེད་ཁེར་བུ་ཞིག་སྨག་རུམ་གྱིས་བཏུམས་པའི་མཚན་མོར་ང་ཕོ་ཧྲེང་ཞིག་གི་ཁྱིམ་དུ་གློ་བུར་དུ་སླེབས་པ་དེས་ངའི་སྙིང་ཁ་བར་མེད་དུ་ལྡིང་བྱུང་ཡང་། བསམ་བློ་ཞིབ་མོ་ཞིག་བཏང་ན་ཁོ་མོ་ལའང་ཅི་ཁག ཉིན་དཀར་གྱི་དུས་སུ་རང་ཉིད་ཀྱི་ལས་ཀ་བྲེལ་འཚུབ་ཆེ་བས། ང་ལ་ཁོ་མོ་ཐུག་འཕྲད་བྱེད་པའི་ཁོམ་པ་ཞིག་ག་ལ་ཡོད། ལོ་ངོ་དུ་མའི་ཡར་སྔོན་དུ། ཁོ་མོའི་ཨ་མར་ས་ཡོམ་དྲག་པོ་ཞིག་གི་འཇིགས་པ་འཕྲད་དེ་གས་ཆག་ཤོར་བའི་ཁང་རུལ་གྱི་ཞིག་རོའི་འོག་རྐང་པ་ཡ་གཅིག་ཤོར། ས་ཡོམ་བརྒྱབ་པའི་གནས་ཚུལ་ཤེས་འཕྲལ་ཁོ་བོས་མྱུར་དུ་ས་ཡོམ་བྱུང་སའི་ཡུལ་དངོས་སུ་ཕྱིན་ཏེ་ཁོ་མོའི་ཨ་མ་སྨན་ཁང་དུ་བསྐྱལ་ཞིང་། སྨན་རིན་ཡོད་དོ་ཅོག་ཁོ་བོས་ལོ་མང་བཟའ་མཁས་འཐུང་མཁས་བྱས་ནས་བྱུང་བའི་དངུལ་སྒོར་སྐྱེས་སུ་སྦྱིན་པ་ཡིན། ཁོ་མོའི་ཨ་མ་ས་ཡོམ་བྱུང་རྗེས་ཀྱི་ཕྱི་ལོར་སྐུ་འདས་ཟིན་ཡང་། བདེ་སྐྱིད་ལྷ་མོས་དོན་དེ་ད་བར་སེམས་ཀྱི་གཏིང་རུམ་དུ་བཞག་ནས། ཁོ་བོར་བཀའ་དྲིན་གཞལ་རྒྱུ་གཏན་ནས་བརྗེད་མེད་པ་འདྲ། སྐབས་དེ་དུས་ཀྱི་བདེ་སྐྱིད་ལྷ་མོ་ནི་ལང་ཚོའི་མེ་ཏོག་རབ་ཏུ་བཞད་སྒང་རེད་ཅེས་བརྗོད་ཆོག
མ་གཞི་བྱས་ན་ང་རང་ནི་གྲོང་ཚོའི་གྲོང་དཔོན་ཡིན་པས། ཡུལ་དེའི་མང་ཚོགས་ཚོའི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་འགན་འཁྲི་ཡོད་ཅིང་། ཡང་གཅིག་བཤད་ན། མང་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུ་ནི་ངའི་མི་ཚེ་འདིའི་ལས་ཀ་དང་། རང་ཉིད་ཀྱི་མི་ཚེའི་རྩ་དོན་ཡིན་པས། བདེ་སྐྱིད་ལྷ་མོས་ང་རང་དྲིན་ཆེན་ཞིག་ཏུ་མ་བརྩིས་ཀྱང་ཆོག་མོད། ཁོ་མོས་བཀའ་དྲིན་སེམས་དབུས་སུ་བཅངས་ཏེ། ཉིན་ལྟར་ཁོ་བོའི་གམ་དུ་ཡོང་ནས་ངའི་གོན་པ་འཁྲུད་པ་དང་། ཁ་ལག་བཟོ་བ། ད་དུང་ང་རང་གི་ལས་ཀའི་ཐོག་དཀའ་ཚེགས་འཕྲད་དུས། ཁོ་མོས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་བཅངས་ཏེ་བདག་ལ་སེམས་གསོ་བྱེད་ཀྱི་ཡོད། ངེད་གཉིས་པོ་དེ་ལྟར་ཉིན་དང་ཉིན། ཟླ་བ་དང་ཟླ་བ་ལྷན་དུ་གཤིབས་པས། ཕན་ཚུན་བར་ལ་བརྩེ་དུང་གི་མྱུ་གུ་རིམ་གྱིས་རྒྱས། བདེ་སྐྱིད་ལྷ་མོ་དང་ངོ་ཤེས་བྱུང་རྗེས། ངས་ཆེས་ཐོག་མར་འཇིག་རྟེན་འདིའི་ཁ་དོག་རིག་ཅིང་། མོའི་སྙན་འཇེབས་ཀྱི་སྒྲ་དབྱངས་ལས་ངས་འབྱུང་འགྱུར་གྱི་འཚོ་བ་གསར་པའི་དབྱངས་རྟ་གོ་སོང་། དྲང་མོར་བཤད་ན། སྐབས་དེ་དུས་རང་ཉིད་ཁོ་མོའི་ཐོག་ལ་སེམས་པ་འཆོར་དོན་ནི་ཁོ་མོའི་དཀར་ལ་དམར་མདངས་ཆགས་པའི་ངོ་མདོག་དེ་མ་ཡིན་ལ། ཙ་རིའི་སྨྱུག་མ་ལྟ་བུའི་ལྡེམ་འཁྱུག་ཅན་གྱི་གཟུགས་བྱད་ཀྱིས་ཀྱང་མ་ཡིན་པར། ལྷད་མེད་གཞུང་དྲང་གི་འོད་མདངས་མཆེད་པའི་ཁོ་མོའི་མིག་ཟུང་དང་། བྱམས་དང་བརྩེ་ཞེན་གྱིས་ཕྱུག་པའི་ཁོ་མོའི་གངས་དཀར་གྱི་སེམས་པ་དེ་ཡིན། ངེད་གཉིས་པོ་དེ་ལྟར་ལག་པ་དང་ལག་པ་སྦྲེལ་ནས། སེམས་པ་དང་སེམས་པ་འོ་ཆུ་བཞིན་གཅིག་ཏུ་འདྲེས་ཏེ་མི་ཚེའི་ལམ་བུ་གསར་པ་ཞིག་ལ་འཇུག་པའི་སྟ་གོན་བྱེད་སྐབས། མི་ཁ་ངན་པའི་བར་ཆད་ཐེབས་ནས་སོ་སོར་གྱེས་དགོས་བྱུང་སོང་། མི་བུ་ཞིག་ལ་མཚོན་ན། རང་ཉིད་ཀྱི་འཚོ་བ་དང་མི་ཚེའི་ལམ་བུ་ལ་གདམ་ག་བྱེད་པའི་རང་དབང་ཡོད་ཀྱང་། རང་དབང་དེ་མཐའ་མ་མཐའ་མ་གཞན་དབང་དུ་གྱུར་ནས་རང་སེམས་ཀྱི་རྨ་ཁར་ཚྭ་ཆུ་བྱུག་བཞིན་ཡོད་པ་མ་ཡིན་ནམ། ཡང་གཅིག་བཤད་ན། དེ་དག་ཡོད་དོ་ཅོག་ང་རང་ཉིད་ཀྱིས་ལན་པ་རེད། གལ་ཏེ་སྐབས་དེ་དུས་རང་ཉིད་ཀྱིས་སློབ་གྲྭ་ཆེན་མོ་བའི་མིང་བྱང་སྟོང་པ་དེ་འཁུར་ནས་རྫིགས་ཉམས་དང་གཏམ་འདོད་བྱས་པ་མིན་ན། ད་ལྟའི་འགྱོད་གདུང་གི་རྒྱུ་དེ་གཏན་ནས་འབྱུང་ཐབས་མེད། མི་ཚེའི་བགྲོད་ལམ་དེའི་ཐོག་ང་ཚོས་ནོར་འཁྲུལ་གང་མང་ཞིག་འཆོར་སྲིད་མོད། ནོར་འཁྲུལ་འགའ་རེ་ང་ཚོས་ངོས་འཛིན་ཐུབ་པ་བྱས་ཏེ་འགྱོད་བཤགས་བྱས་ན་འཕྱུགས་པ་མེད་ཀྱང་། གནད་དོན་འགའ་རེའི་ཐོག་ང་ཚོས་ནོར་འཁྲུལ་ཐེངས་གཅིག་ཤོར་ན་གྱོང་གུན་དེ་མི་ཚེ་གཅིག་ཁ་གསབ་བྱ་ཐབས་མེད་ཅིང་། ནོར་འཁྲུལ་དེས་ང་ཚོའི་མི་ཚེ་ཧྲིལ་པོར་ན་ཟུག་འཆོར་དུ་འཇུག་བཞིན་ཡོད་པ་མ་ཡིན་ནམ། ཁོ་བོས་གཡང་ལུང་གྲོང་ཚོར་ཐེངས་མང་སོང་སྟེ། བདེ་སྐྱིད་ལྷ་མོ་འཚོལ་དུ་སོང་ཡང་ཁོ་མོའི་གྲིབ་གཟུགས་ཙམ་ཡང་བདག་གི་འདྲེན་བྱེད་ལམ་དུ་མངོན་མ་བྱུང་། འོན་ཀྱང་། ཁོ་བོས་སྔར་རྒྱུན་བཞིན་ཁོམ་པ་བཙལ་ཏེ་གཡང་ལུང་གྲོང་ཚོར་སོང་ནས་ཁོ་མོ་འཚོལ་དུ་སོང་བ་ཡིན་མོད། ཁོ་མོ་གཏན་ནས་རིག་རྒྱུ་མ་བྱུང་། མཐའ་མ་མཐའ་མར་རང་ཉིད་ཀྱང་ཡིད་ཐང་ཆད་དེ་ཁོ་མོ་འཚོལ་དུ་འགྲོ་བའི་སྤོབས་པ་དང་སྒུལ་ཤུགས་མེད་པར་གྱུར། འོན་ཀྱང་། ཁོ་མོའི་བྱམས་བརྩེ་ལས་འཁྲུངས་པའི་ལྷད་མེད་ཀྱི་འཛུམ་མདངས་དེ་ཉིན་དཀར་དང་མཚན་མོ་ཡི་འཁོར་བ་ཇི་བཞིན་རྟག་ཏུ་བདག་གི་ཚེ་སྲོག་དང་ལྷན་དུ་འགྲོགས་ནས་གཏན་དུ་བརྗེད་དཀའ་ཨང་།
དེ་རིང་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་ང་རང་སླར་ཡང་གཡང་ལུང་གྲོང་ཚོར་སོང་། འོན་ཀྱང་། ད་ཐེངས་གཡང་ལུང་གྲོང་ཚོར་འགྲོ་དོན་ནི་བདེ་སྐྱིད་ལྷ་མོ་འཚོལ་བའི་སླད་དུ་མ་ཡིན་པར་གཞུང་དོན་བསྒྲུབ་ཏུ་འགྲོ་དགོས་པ་དེ་རེད། ལོ་ངོ་མང་པོ་དེ་འདྲ་ཕར་ལ་འདས་ཀྱང་། གཡང་ལུང་གྲོང་ཚོར་སྔར་རྒྱུན་བཞིན་གྲག་འགུལ་ཅི་ཡང་མི་འདུག་ཅིང་། སྐྱེས་པའང་ཧ་ཅང་མཐོང་དཀོན། ལུང་པའི་སྨད་དུ་བུད་མེད་ཅིག་གིས་བྱིས་པ་རྒྱབ་ཏུ་འཁུར་ནས་ང་ཚོའི་ཕྱོགས་སུ་ཡོང་གིན་འདུག ཕར་བལྟས་ཚོད་ལ། ཁོ་མོ་དགུང་ལོ་སུམ་ཅུ་ཡོལ་ཟིན་པ་འདྲ། ཧྲལ་ཧྲུལ་གྱི་ལྭ་བ་དང་། ཐལ་རྡུལ་གྱིས་བཀང་བའི་སྐྲ་ལོ་ལ་བལྟས་ན་མོའི་འཚོ་བ་ཉམ་ཐག་ཡིན་པ་གང་ཞིག མོས་སྡུག་མང་དག་ཅིག་མྱངས་ཡོད་པ་འདྲ། ངས་ཡུན་རིང་པོར་ཁོ་མོའི་ཕྱོགས་སུ་མིག་ཟུང་ཅེར་ནས་བསྡད། གསར་དུ་བསྐོས་པའི་གྲོང་དཔོན་གྱིས་བཤད་པ་ལྟར་ན། ཁོ་མོ་ནི་གྲོང་ཚོ་དེའི་ཆེས་དབུལ་ཕོངས་ཁྱིམ་ཚང་ཡིན་ཞིང་། ལོ་ངོ་བཅོ་ལྔའི་རིང་ཁོ་མོས་ཁེར་རྐྱང་གི་འཚོ་བ་ཁོ་ན་བསྐྱལ་ནས་རྒྱུ་འབྱོར་པ་ཅན་གྱི་སྐྱེས་པ་མང་པོས་མོ་ཆུང་མར་བསུ་ཐབས་བྱས་ཏེ་ཁ་ཡག་ངོ་དགའ་ཇི་ལྟར་བཤད་ཀྱང་མོས་དང་ལེན་གཏན་ནས་བྱས་མ་མྱོང་ཟེར། ད་ཆ་མོའི་ལང་ཚོའི་དུས་སྐབས་ཕར་ལ་ཡོལ་བས། མོས་སྐྱེས་པ་གཞུང་དྲང་ཞིག་ཁྱོ་བོར་བསུས་ཏེ་འཚོ་བ་གསར་པ་ཞིག་གི་དབུ་ཁྱུད་འབྲི་དགོས་བསམས་ཀྱང་། ལུང་པའི་སྐྱེས་པ་ཨ་གསར་ཅན་དེ་ཚོས་ཁོ་མོར་ཁ་ཡ་ག་ལ་བྱེད། ལོ་གཅིག་གི་ཡར་སྔོན་དུ་ད་གཟོད་ཡུལ་གྱར་དུ་ཡོང་བའི་སྐྱེས་པ་གཅིག་དང་གཉེན་སྒྲིག་བྱས་ཏེ་བྱིས་པ་ཞིག་ཀྱང་བྱུང་སོང་། འོན་ཀྱང་མོའི་འཚོ་བ་ཧ་ཅང་གི་ཉམ་ཐག་རེད་ཟེར། སྐར་མ་བཅུ་ལྷག་འདས་རྗེས། བུད་མེད་དེ་ང་ཚོའི་གམ་དུ་འབྱོར། ཕར་བལྟས་ཚོད་ལ་ཁོ་བོས་ས་ཆ་གང་རུང་ཞིག་ནས་བུད་མེད་དེ་མཐོང་མྱོང་བ་འདྲ། བུད་མེད་དེས་ཁོ་བོ་མཐོང་མ་ཐག་ངོ་ཚའམ་ཁོང་ཁྲོ་ཅི་ཡིན་ཆ་མི་འཚལ་མོད། མོའི་ངོ་གདོང་གི་མཐོངས་དབྱིངས་སུ་མཚམས་སྤྲིན་གྱིས་ཡོངས་སུ་ཁེབས་པར་གྱུར། ང་རང་ཅུང་ཟད་ཡ་མཚན་པར་གྱུར་ཏེ་མོ་ལ་གཟབ་ནན་གྱིས་ལྟ་ཞིབ་བྱས་པས། ངའི་སྙིང་ཁའི་ལྡིང་མཚམས་གློ་བུར་དུ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་ཏེ་སྨྲ་བྱེད་ཀྱི་ལྕེ་ལེབ་ཀྱང་འགུལ་དཀའ་བར་གྱུར། ཨཱ་ཨཱ། དཀོན་མཆོག་གིས་མཁྱེན། ང་དེ་ལྟར་སྨྲེ་སྔགས་ཤོར། ཁོ་མོ་ནི་ངས་ཉིན་མཚན་བལྟོས་མེད་སེམས་ཀྱི་གཏིང་རུམ་དུ་བཞག་སྟེ་རེ་སྒུག་དང་འཚོལ་སྙེག་བྱེད་བཞིན་པའི་བུ་མོ་དེ་མ་ཡིན་ནམ། བདེ་སྐྱིད་ལྷ་མོ་ཨང་། ང་ཡི་བདེ་སྐྱིད་ལྷ་མོ། ངས་འདི་ལྟར་ཟེར་བཞིན་ཁོ་མོའི་ཕྱོགས་སུ་བརྒྱུགས། འོན་ཀྱང་། ད་ཆ་ཁོ་མོས་ང་མཐོང་འདོད་མེད་པ་འདྲ། ཁོ་མོས་ཟེར་ན་ལོ་ངོ་བཅོ་ལྔའི་རིང་ཁྱེད་ཀྱིས་ང་སྡུག་ལ་གཏད་བྱུང་ཟེར།
ལོ་ངོ་བཅོ་ལྔ་དེ་ལྟར་ཕར་ལ་འདས་སོང་། ལོ་ངོ་བཅོ་ལྔའི་རིང་བདག་གིས་དཀའ་བ་མང་དག་ཅིག་ཁྱད་དུ་སད་ནས་བདེ་སྐྱིད་ལྷ་མོ་འཚོལ་དུ་སོང་རུང་། འབྲས་བུ་གཏན་ནས་མ་བྱུང་། ད་ཆ་ཁོ་མོ་ངའི་མིག་ལམ་དུ་རྒྱུ་དུས། ང་ལ་ཐོབ་པ་ནི་ཁོ་མོ་གཞན་གྱི་ཆུང་མར་གྱུར་ཟིན་པའི་གསར་འགྱུར་དེ་དང་། ནམ་ཡང་བཅོས་ཐབས་བྲལ་བའི་སེམས་ཀྱི་རྨ་ཁ་དེ་རེད་ཨང་།
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣