དབུ་ཤོག>བོད་ཀྱི་རིག་གནས།
  • ​བྱང་གི་འབྲོག་སྡེ་ཕྱུག་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་དབང་རིག་འཛིན།   |     སྤེལ་དུས།  2023-03-14

    ཁྱེད་ལ་སྐྱེ་རྒུའི་ཡིད་དབང་རབ་ཏུ་འགུགས་པའི་ལྷན་སྐྱེས་ཀྱི་ནམ་ཟླའི་ཆ་རྐྱེན་དེ་ཙམ་མི་ལྡན་མོད། མཐོ་ཞིང་བརྗིད་པའི་གངས་རི་དང་། མུ་མཐའ་མེད་པའི་རྩྭ་ཐང་། དྭངས་ཤིང་གཙང་བའི་ཆུ་མོ། ཕྲེང་བ་ཕྲེང་བརྒྱུས་ཀྱི་མཚོ་དང་མཚེའུ་བཅས་གངས་ལྗོངས་ས་མཐོའི་ཐུན་མིན་གྱི་ངོ་མཚར་སྣོད་བཅུད་དུ་གྲུབ་ཡོད།

    ཁྱེད་ལ་གནམ་འདེགས་ཀ་བར་ཅོ་འདྲི་བའི་བ་གམ་ཁང་ཆེན་དང་། བརྒྱ་སྟོང་ཚོང་པའི་འཁྲུག་ཆ་དང་སྣ་ཚོགས་འོད་མདངས་ལྷག་ཏུ་འཚེར་བའི་གྲོང་ཁྱེར་ཆེ་མོའི་འདུ་འཛིའི་རྣམ་པ་དེ་ཙམ་མེད་རུང་། སྦྲ་གུར་གྲུ་བཞིའི་ཕྲ་རྒྱན་དང་། ལྕི་བའི་དུད་སྤྲིན་སྔོན་མོ། འབྲོག་བུའི་ཤུ་གླུ་སིལ་མ། འབྲོག་མོའི་འཇོ་གླུ་སྙན་མོ། འདོ་རིགས་རྟ་ཕོའི་འཚེར་སྐད། གནག་ཕྱུགས་ནོར་གྱི་ངུར་སྒྲ། གཡང་དཀར་ལུག་གི་འབའ་སྒྲ་ལ་སོགས་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་ལྟ་ན་སྡུག་ཅིང་། ལྷག་པར་དུ་འབྲོག་པའི་ཅུང་ནག་ཅིང་སྣུམ་པའི་བཞིན་མདངས་དང་། དྲང་ཞིང་གཡོ་ཟོལ་བྲལ་བའི་རང་གཤིས་ལས་ཡུལ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣལ་མ་ཞིག་རྗོད་བཞིན་མཆིས།

    རེད་ཡཱ། འདི་ནི་གངས་ལྗོངས་ས་མཐོའི་བྱང་ཕྱོགས་སུ་གནས་པའི་གནའ་བོའི་འབྲོག་སྡེ་ཕྱུག་མོ་ནག་ཆུ་རེད། འདི་ནི་གངས་ལྗོངས་གསར་པའི་རྩྭ་ཐང་གི་ཞིང་ཁམས་སུ་ཆགས་པའི་ན་གཞོན་གྲོང་ཁྱེར་ནག་ཆུ་རེད།

    ཁྱེད་ཀྱིས་མུ་མཐའ་མེད་པའི་རང་བྱུང་རྩྭ་ཐང་གོས་སུ་མཛེས་པར་བཀླུབས་ཤིང་། སྲིད་པའི་གངས་རི་དཀར་པོ་ཐོར་ཅོག་ཚུལ་དུ་ཐོད་པར་བཞེས། ཁྱེད་ཀྱི་སྐེད་པ་དངུལ་དཀར་མེ་ལོང་འདྲ་བའི་འཁྱགས་ཀླུང་གིས་བསྐོར་ཞིང་། ཁྱེད་ཀྱི་པང་རུམ་གྲངས་ལས་འདས་པའི་མཚོ་དང་མཚེའུ་ཡིས་བསྐྱིལ། དེ་བས་ཀྱང་ངོ་མཚར་བ་ནི། ཁྱེད་ཀྱི་ཕྱི་སྣོད་ཕུན་ཚོགས་ཀྱི་དཔལ་ཡོན་ལས་ནང་བཅུད་སེམས་ཅན་གྱི་འཚོ་སྟབས་ལ་ངོ་མཚར་འབུམ་གྱིས་ཕྱུག་ཡོད་དེ། བྲེ་སེར་འབྲོང་གི་རྭ་རྩེད་དང་། ཁ་དཀར་རྐྱང་གི་བང་རྩལ། གོག་པོ་གཙོད་ཀྱི་འདུར་རྒྱུག ལྷ་བྱ་གོང་མོའི་གཤོག་གར། བྱ་རྒྱལ་རྒོད་པོའི་འཕུར་རྩལ་ལ་སོགས་པ་ལྷུག་པར་ངོམ་སའི་ཞིང་ཁམས་ཤིག་ཡིན་པ་མ་ཟད། སེར་པོའི་གསེར་དང་། སྔོན་མོའི་གཡུ། དམར་མོའི་ཟངས་སོགས་རང་བྱུང་གི་གཏེར་རིགས་སྣ་ཚོགས་ཀྱིས་ཡོངས་སུ་ཁེངས་པའི་ནོར་འཛིན་དགའ་མའི་གཏེར་བུམ་ཞིག་ཀྱང་ལགས།

    ཁྱེད་ཀྱི་ཐུན་མིན་ལོ་རྒྱུས་ཀྱི་འཕེལ་རིམ་དང་དྲོད་འཇམ་གྱི་རུམ་ཁོག་དྲོན་མོ་ལས་གངས་ལྗོངས་ས་མཐོའི་འབྲོག་སྡེའི་སྐྱེད་སྲིང་དང་འཚར་ལོངས་མངོན་ལ། ཕྱུགས་རིགས་དཀར་ནག་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འགྲན་པ་ལྟར་འཕེལ་ཁ་རྒྱས་ཏེ། མིང་དོན་ཡོངས་སུ་མཚུངས་པའི་དུས་རབས་གསར་པའི་བྱང་གི་འབྲོག་སྡེ་ཆེན་པོ་ཞིག་ཏུ་གྱུར་ཡོད།

    ཁྱེད་ནི་རང་སྐྱ་འཕེར་བའི་བྱང་ཐང་གི་འབྲོང་རྒོད་དེ་དང་འདྲ་བར་གྲང་ངར་དང་། ཁ་ཆར་བུ་ཡུག གཏུམ་དྲག་གཅན་གཟན་སོགས་ལ་མི་སྐྲག་ཅིང་། འགལ་རྐྱེན་ཅི་འདྲ་ཞིག་འཕྲད་རུང་ཁྱེད་ཀྱིས་དཀའ་བ་ཁྱད་དུ་བསད། བདེ་བ་རྒྱང་དུ་དོར། ངལ་བ་དང་དུ་བླངས་ནས། མདུན་སྐྱོད་དང་འཕེལ་རྒྱས་ཀྱི་སྙིང་སྟོབས་ལ་ཞུམ་པ་ཏིལ་འབྲུ་ཙམ་མེད་པར། སྔར་བཞིན་གངས་ལྗོངས་ས་མཐོའི་འབྲོག་སྡེ་ཆེན་པོའི་ཉམས་བཟང་ངོམ་པ་དང་། སྒྱུར་བཅོས་སྒོ་དབྱེའི་འཕེལ་རྒྱས་ཀྱི་དབྱར་རྔ་མེས་རྒྱལ་ས་གཞི་ཡོངས་ལ་གྲགས་སྐབས། ཁྱེད་ནི་མཛེས་སྡུག་བཀྲག་ལྡན་གྱི་སྒྲོ་གུར་ཕུབ་པའི་མདོངས་མཐའ་ཅན་དང་འདྲ་བར་དགའ་བ་འབུམ་གྱིས་བརྟས་ནས་དུས་བསྟུན་འཕེལ་རྒྱས་ཀྱི་གཤོག་རླབས་བསྒྱུར་ལ། ཁྱེད་ནི་བང་རྩལ་ཡོངས་སུ་རྫོགས་པའི་བྱང་ཐང་གི་རྐྱང་རྒོད་དེ་དང་འདྲ་བར་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་སོགས་ཀྱི་ཕྱི་སྣོད་རང་བྱུང་ཁམས་ཀྱི་ཚོད་བགམ་ཅི་འདྲ་ཞིག་གིས་ཀྱང་འཕེལ་རྒྱས་ཀྱི་གོམ་འགྲོས་ཡང་མོར་བཀག་འགོག་ཕྲན་ཙམ་ཡང་མ་བྱུང་བར་ཞི་མཐུན་དང་། ཡར་ཐོན། གོང་འཕེལ། སྐྱེ་ཁམས་དཔལ་ཡོན་བཅས་ལྡན་པའི་བོད་ལྗོངས་གསར་པའི་གྲོང་ཁྱེར་གསར་ཤོས་ཀྱི་གྲས་ཤིག་དང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྩྭ་ཐང་གི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།

    རྒྱལ་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་རླབས་པོ་ཆེ་བླངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་བྱ་གཞག་ཁྲོད། བྱང་ཐང་གི་བརྟན་ལྷིང་འཕེལ་རྒྱས་ལ་ཤ་ཞེན་རབ་ཏུ་ཆེ་བའི་ལས་བྱེད་མང་ཚོགས་རྣམ་པས་དཔུང་པ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཕུགས་འདུན་གཅིག་མཚུངས་བཅངས་ནས་གསོ་རླུང་དཀོན་རུང་སེམས་ཤུགས་མི་ཉམས་པ་དང་། དཀའ་ཁག་ཆེ་རུང་ངལ་བར་མི་སྐྲག་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ས་བབ་མཐོ་བ་དང་། ས་རྒྱ་ཆེ་བ། སྡོད་གནས་ཁ་འཐོར་ཡིན་པ་སོགས་ཀྱི་རང་བྱུང་ཁོར་ཡུག་གི་དཀའ་གནད་ཁྱད་དུ་བསད་པ་མ་ཟད། ཁྱད་ལྡན་ཐོན་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ལ་ཞུགས་ཁག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་གནས་མཐོ་ལ་ཁྱབ་རྒྱ་ཆེ་བ་སོགས་དམིགས་བསལ་གྱི་འགལ་རྐྱེན་དུ་མར་མགོ་བོ་མི་སྒུར་བར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལམ་ཆེན་དུ་སྐྱོད་བཞིན་མཆིས།

    རེད་ཡཱ། ལོ་ཟླའི་འཕེལ་རིམ་ཁྲོད་དུ་ཁྱེད་ཀྱིས་ཀྱང་གོང་འཕེལ་དང་ཉམས་རྒུད། ལྷིང་འཇགས་དང་ཟང་ཟིང་བཅས་པའི་འཇིག་རྟེན་ཆོས་ཉིད་ཀྱི་འཕོ་འགྱུར་མང་དུ་བརྒྱུད་ཡོད་མོད། འོན་ཀྱང་ཁྱེད་ཀྱི་གཡོ་བ་མེད་པའི་དད་སེམས་དང་། ཞུམ་པ་མེད་པའི་སྙིང་སྟོབས། ངར་ཤ་རྒྱས་པའི་དཔའ་སྤོབས། ཟོལ་མེད་དཀྱེལ་ཡངས་ཀྱི་རང་གཤིས་བཅས་འགྱུར་མེད་རི་རྒྱལ་ལྷུན་པོ་ལྟར་བརྟན་པོར་གནས་ཡོད།

    ལོ་ཟླའི་ཉག་མ་རེ་རེའི་བཞུར་རྒྱུན་ཁྲོད་ཁྱེད་ཀྱི་རུམ་ནས་ངོ་མཚར་བའི་ལོ་རྒྱུས་གྲངས་ལས་འདས་པ་འཁྲུངས་ཡོད་ལ། མ་འོངས་པར་ཡང་དེ་བས་འོད་སྟོང་བཀྲ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་མང་པོ་ཞིག་གཏོད་ངེས་ལགས།

    རེད་ཡཱ། གནས་འདི་ནི་འབྲོག་པ་རྒད་པོའི་གནའ་གཏམ་འཁྲུངས་ས་དང་། རྩ་ཆེའི་རི་དྭགས་འཚེ་མེད་ཞི་བར་གནས་སའི་འབྱུང་འཕྲོད་གོང་འཕེལ་གྱི་ནག་ཆུ་རེད། འདི་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་དུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་པའི་བྱང་གི་འབྲོག་སྡེ་ཕྱུག་མོ་ནག་ཆུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།