ངོ་མཚར་ཆེ་བའི་བྱིས་དུས་ཀྱི་ཞིང་ཁམས་སྔས་སུ་བཅོལ་ལ། རྩེད་སྒྲ་དང་དགོད་སྒྲ་ཡིས་ཁེངས་པའི་བྱིས་དུས་ཀྱི་རྨི་ལམ་འཇམ་པོ་ཡང་ཡང་བློ་ངོར་བཅགས། ཀྱག་ཀྱོག་གི་ལོ་ཟླ་མང་པོ་རྡོག་པས་བརྫིས་ལ། མངར་སྐྱུར་ནས་ཆང་བསྲེས་པའི་འཚོ་བ་གསར་པའི་ཕྱོགས་སུ་གོམ་ཁ་བསྒྱུར། མཛེས་སྡུག་ལྡན་པའི་ཕ་ཡུལ་ནི་ང་རང་སྐྱེ་ཞིང་འཚར་ལོངས་འབྱུང་སའི་གནས་མལ་ཞིག་ཡིན་ལ། གཅེས་པར་འོས་པའི་ཕ་ཡུལ་གྱི་ཡར་ཆབ་སྔོན་མོ་ནི་ང་རང་གཉོམ་ལག་རྒྱས་པའི་ཟུངས་ཁྲག་དྲོན་མོ་དེ་ཡིན།
ཕ་ཡུལ་ནི་སྔར་བཞིན་ཞི་བདེ་ལྷིང་འཇགས་དང་། བདེ་སྐྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་མེ་ཏོག་ལྡུམ་ར་ཞིག་ཡིན་ལ། ཕ་ཡུལ་གྱི་དྭངས་ཤིང་གཙང་ལ་གཡའ་ངོ་དག་པའི་ནམ་མཁའ་སྤྲིན་དཀར་གྱི་ཚོམ་བུས་རབ་ཏུ་བརྒྱན། ཕ་ཡུལ་གྱི་ཞོགས་པར་ཁྱིམ་དུད་རེ་རེའི་ཐོག་ཁ་ལས་འཕྱུར་བའི་སྔོ་ལྷོག་ལྷོག་གི་དུ་སྤྲིན་ལས། ཕ་ཡུལ་ལ་མཛེས་སྡུག་གི་མགུལ་རྒྱན་ཞིག་བསྒྲོན་ལ། སྣ་ཚོགས་བྱ་བྱིའུ་ཡི་གསུང་དབྱངས་སྙན་མོ་ལུས་སེམས་གསོ་བའི་དཔྱིད་དུ་ཤར།
ཕ་ཡུལ་གྱི་ལྷོ་ཕྱོགས་སུ་གླང་ཆེན་འཕྲེད་ལ་ཉལ་བ་ལྟ་བུའི་ས་འཛིན་དཀར་པོ་མུ་ཁྱུད་སྟར་དུ་མཛེས་ལ། བརྗིད་ཉམས་དལ་གྱིས་བཞུར་བའི་ཡར་ཀླུང་གཙང་པོས་ཡངས་པའི་ཞིང་ཐང་ཡོངས་སུ་བསྐོར་ཞིང་། ལྷག་བསམ་གྱི་ལས་དབང་གཅིག་ཏུ་འཁྱིལ་བའི་སེར་བྱ་ངང་པའི་སྙན་པའི་དར་དིར་དབྱངས་ནི་ཡུལ་མི་རྣམས་ཀྱི་སེམས་ལ་དགའ་བ་སྦྱིན་པའི་རོལ་དབྱངས་ཤིག་དང་གཉིས་སུ་མ་མཆིས། ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་ཞིང་ཐང་གྲུ་བཞི་ལས་ཐོན་ཁུངས་ཕུན་སུམ་ཚོགས་པའི་འབྲུ་རིགས་སྙེ་མའི་རྦ་རླབས་དགུང་དུ་འཕྱུར། དཀའ་སྤྱད་ལས་ལ་བརྩོན་པའི་ཕ་ཡུལ་གྱི་མི་རྣམས་ནི་སེམས་བག་ཡངས་ལ། ཞི་མཐུན་མཉམ་གནས་ཀྱི་དེང་དུས་ཀྱི་འཚོ་བ་གསར་པའི་དཔལ་ལ་རོལ་བ་དང་སྤྲོ་སྣང་དོད་པོས་ལོངས་སུ་སྤྱོད་བཞིན་མཆིས།
མདོར་ན། ཕ་ཡུལ་ནི་ངའི་བྱིས་དུས་ཀྱི་དགོད་སྒྲ་འཆོར་སའི་གནས་མལ་འཇམ་པོ་དེ་ཡིན་ལ། ན་མཉམ་ཚོ་དང་ལྷན་དུ་སྐྱིད་པའི་རྩེད་འཇོར་རོལ་སའི་རྩེད་ར་གྲུ་བཞི་དེ་ཡིན་པ་མ་ཟད། ལང་ཚོའི་མེ་ཏོག་ལ་ཤེས་རིག་གི་ཟེའུ་འབྲུ་བཏགས་ནས་འབྲས་བཟང་སྨིན་པའི་ཁོར་ཡུག་ཉམས་དགའ་བ་དེ་ཡང་ཡིན།
ཕ་ཡུལ་ན་ངའི་སེམས་ཀྱི་འཆར་སྒོ་ཡངས་པའི་དགའ་སྐྱོ་ཟུང་གི་གཏམ་རྒྱུད་རབ་རིབ་ཡོད་ལ། ཕ་ཡུལ་ན་ངའི་ཕུཌ་འདུན་བཟང་པོ་མངོན་དུ་འགྱུར་བའི་རྟག་གུས་བརྩོན་པའི་རྐང་རྗེས་མག་མོག་གསལ་ཞིང་། སྐྱིད་སྡུག་འདྲེས་མའི་མི་ཚེར་བསྙལ་བའི་རྒུན་ཆང་གི་བྲོ་བ་ཡོད་ལ། བརྩེ་བའི་སེམས་ལ་འཁོར་བའི་ལས་སྨོན་གྱི་དུང་ཞེན་ཟབ་མོ་ཡང་ཡོད་པ་མ་ཟད། དེ་བས། ཞེན་ཆགས་ཀྱི་གཡབ་མོ་འཁོར་སའི་མིག་ཟུང་ཡང་ཡོད།