དབུ་ཤོག>བོད་ཀྱི་རིག་གནས།
  • དུས་རབས་གསར་པར་་ཕུལ་བའི་སྙན་ཚིག་ངག་གི་རོལ་མོ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མགར་ཐང་དཀར།   |     སྤེལ་དུས།  2023-03-07

    དཔལ་གྱི་ལེགས་ཚོགས་རྒྱས་གྱུར། །

    ནོར་བདག་ཛམ་ལྷ་འཁོར་གྱུར། །

    རྒྱུ་འབྲས་རྣམ་གཞག་རྟོགས་གྱུར། །

    ཚེ་བསོད་རླུང་རྟ་འཕེལ་གྱུར། །


    གངས་ཀྱི་ཟེ་བར་འགྱིངས་པའི། །

    འབྲོང་རྒོད་རྭ་ཁ་སྨུག་སྨུག །

    ཚང་ཚིང་རྒྱ་རྫོང་ནགས་ལ། །

    དམར་ཡག་སྟག་མོ་འགྱིངས་འགྱིངས། །


    གླིང་བཞི་གླིང་ཕྲན་བསྐོར་མཁན། །

    འགྲོ་བའི་རྐང་གྲངས་མང་བ། །

    འཚོ་ཚིས་རང་མདངས་གང་བའི། །

    རྒྱལ་ཁམས་བག་རེ་བྲོ་བ། །


    རིགས་པའི་གཏན་ཚིགས་ཟབ་ཅིང་། །

    དཔྱོད་པའི་ཏིང་འཛིན་བརྟན་པ། །

    རྣམ་རིག་གློག་ཞགས་འཚེར་བའི། །

    ཤེས་ལྡན་བྱེ་བ་ཕྲག་བརྒྱ། །


    ཚན་རྩལ་མགྲོན་དུ་འབོད་པའི། །

    གཞོན་པའི་གོམ་སྟབས་མགྱོགས་པ། །

    འཛམ་གླིང་རྒྱས་པར་བཤད་པའི། །

    གསུང་རྩོམ་དྲི་ངད་ལྡང་བ། །


    ཆ་འཕྲིན་ཟེའུ་འབྲུ་ཞིམ་པའི། །

    དེང་རབས་ལྗོན་པ་ལེགས་པ། །

    ལག་རྩལ་ཨ་ཡིག་རང་བྱོན། །

    མ་བྲིས་ལྷུན་གྱིས་གྲུབ་པ། །


    འཛུམ་ལ་དྭངས་ཤ་ཆོད་པའི། །

    ལོ་ཟླའི་བག་མ་རླབས་ཆེན། །

    གཤིས་ལ་ལྷོད་ཤ་འཛོམས་པའི། །

    དུས་ཀྱི་མགྲོན་པོ་གཙིགས་ཆེན། །


    སྐྱིད་པའི་གླུ་དབྱངས་ལེན་བཞིན། །

    རྐང་གཉིས་དགའ་བས་བཟི་སོང་། །

    ཕུན་ཚོགས་དེང་འདིར་རྒྱས་པས། །

    ལོ་ཟླར་གསོན་ཤུགས་ལྡན་པ། །


    གནས་ལྔ་རིག་པར་འབད་པའི། །

    སོ་སྐྱེས་སྐད་སྒྲ་སྙན་པ། །

    སྙན་པའི་དབྱངས་ལ་བརྒྱུས་པའི། །

    དེང་གི་སྙིང་པོ་ཟབ་པ། །


    གསར་སྐྱེས་བྱིས་པའི་ངག་ལས། །

    ངུ་སྐད་ཐན་ཐུན་འཇོ་ཡང་། །

    ཞི་མཐུན་གཞལ་ཡས་ཁང་བཟང་། །

    དུང་བའི་འོད་མདངས་བཀྲ་བ། །


    མཐོན་པོ་དགུང་ལ་བལྟས་ན། །

    ཐང་དཀར་འཕུར་ཡུལ་བདེ་བ། །

    ཡངས་མོ་སྤང་དུ་བསྡད་ན། །

    རྩི་ཏོག་མིག་ལ་མཛེས་པ། །


    གྲོང་དང་གྲོང་ཁྱེར་ཉུལ་དུས། །

    གློག་འོད་ལམ་ལམ་འཁྱུག་པ། །

    ནང་སེམས་སོས་དལ་ཀློང་ནས། །

    འཇིག་རྟེན་གཞན་ཞིག་འགྲིམ་ཆོག །


    མཐོན་པོ་མཐོ་སར་བཞག་ན། །

    མཐོན་པོའི་ཁྲི་ལ་འོས་པ། །

    དམའ་པོ་དམའ་སར་བསྡད་ན། །

    འདུག་སྟངས་ངོ་མཚར་ཆེ་བ། །


    ལག་པ་ལག་པར་སྦྲེལ་ན། །

    སྦྲེལ་ལུགས་གཡུང་དྲུང་བྲིས་འདྲ། །

    སེམས་པ་སེམས་པར་གླན་ན། །

    རྟོག་པའི་དམིགས་པ་བརྟན་པ། །


    མིག་རྒྱང་དཔག་ཚད་གྲངས་མེད། །

    སེམས་རྒྱ་མཁའ་དང་མཉམ་པ། །

    ཀུན་ལ་ལྷག་བསམ་དཀར་བའི། །

    རང་གཤིས་དུང་དཀར་འདྲ་ལེ། །


    དུས་བཞིའི་འགྱུར་བག་རྒོད་ཀྱང་། །

    དཀའ་ཐུབ་སྤྱད་པ་མཚར་བ། །

    ལང་ཚོའི་དཔལ་གྱི་དྭངས་མ། །

    དེང་འདིར་བཀོལ་སྤྱོད་མཁས་པ། །


    རྐང་ལམ་ཀྱག་ཀྱོག་མང་དུས། །

    རྐང་རྗེན་འཁུན་སྒྲ་མང་བ། །

    དེང་འདིར་གཞུང་ལམ་སྙོམ་དུས། །

    དགའ་སྤྲོའི་གླུ་དབྱངས་སྙན་པ། །


    འཛོམས་གསུམ་འཛོམས་པའི་ལོ་ཟླ། །

    འཛོམས་པོ་གཡང་ལ་ཆགས་འདུག །

    གཡང་གི་མཚོ་མོ་བསྲུབས་པའི། །

    ཡང་སྙིང་ང་ཡིས་བླངས་ཡོད། །


    དུས་རབས་གསར་པ་རླབས་ཆེ། །

    བདག་སོགས་བསྐྱངས་པར་དྲིན་ཆེ། །

    གང་ཟག་ལུས་བདེ་སེམས་སྐྱིད། །

    དེང་གི་ངོ་སོ་བསྟོད་དོ། །

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།