དབུ་ཤོག>བོད་ཀྱི་རིག་གནས།
  • ལོ་གསར་པའི་ནང་ལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    ལོ་གསར་པའི་ནང་ལ།

    ཞོགས་པའི་སྐྱ་རེངས་ཀྱིས་ཁ་གཡང་བསྒྲིགས་ཏེ།

    ལོ་གསར་ཚེས་གཅིག་གི་རྟེན་འབྲེལ་བཟང་པོས།

    ཆུ་ཕུད་དྭངས་མ་ཞིག་དང་།

    ལྷག་བསམ་དང་སྨོན་འདུན་གཙང་མ་ཞིག་གིས།

    གནམ་ལོ་གསར་པ་བསུ། གཡང་ལོ་གསར་པ་བསུ།

    ལོ་གསར་པའི་ནང་ལ།

    ཤོག་སྦག་བཀད་སྒྲ་ཡིས་བསུ་མ་བྱེད་བཞིན།

    གོས་ཡག་རྒྱན་བཟང་གིས་རྟེན་འབྲེལ་བསྒྲིགས་ནས།

    དུང་དཀར་གྱི་རྒྱང་འབོད་ཐོག་མ་དང་།

    འོ་ཇ་ཡི་མཆོད་མགོ་དང་པོས།

    གནམ་ལོ་གསར་པ་བསུ། གཡང་ལོ་གསར་པ་བསུ།

    ལོ་གསར་པའི་ནང་ལ།

    ཕ་ཨ་ཁུའི་ཆང་ཕོར་བཏེགས་ནས།

    མ་སྲིང་མོའི་གླུ་སྐད་བཀུགས་ནས།

    ནང་ན་ཟླའི་སྨོན་ཚིག་བཤད་ནས།

    སྐྱིད་གཞིས་ཁྱིམ་ལྷན་འཛོམས་ཁྲོད་ནས།

    གནམ་ལོ་གསར་པ་བསུ། གཡང་ལོ་གསར་པ་བསུ།

    ལོ་གསར་པའི་ནང་ལ།

    ཉི་མ་གསར་པ་ཞིག་གིས།

    སྨོན་འདུན་གསར་པ་ཞིག་ཁུར་ཏེ།

    གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ནས།

    ཚེ་རླུང་རྟ་དར་བའི་སྨོན་ལམ་འདེབས།

    བློ་རིག་པ་རྒྱས་པའི་བཀྲ་ཤིས་ཤོག

    རྒྱུ་འབྱོར་བ་འཕེལ་བའི་རྟེན་འབྲེལ་འགྲིག

    རྟགས་རྟེན་འབྲེལ་ཡག་པའི་བཀྲ་ཤིས་ཤོག

    ནང་སེམས་ཅན་འཚེ་བ་མེད་པ་དང་།

    ཕྱི་འཇིག་རྟེན་དཔལ་ཡོན་རྒྱས་པར་ཤོག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།