དབུ་ཤོག>བོད་ཀྱི་རིག་གནས།
  • དཔེ་རྒྱན་སོ་གཉིས་ལམ་ནས་དུས་སྟོན་རྒྱལ་པོར་བསྔགས་པའི་སྙན་ཚིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    གླེང་གཞི།

    ཟླ་བ་བཅུ་གཉིས་དལ་དལ་བགྲོད་པ་ཡིས། །

    ཧྲིལ་ཧྲིལ་ལོ་གཅིག་ཕར་ལ་བཞུད་པའི་ཚེ། །

    ལོ་ཟླ་གསར་པའི་འཛུམ་འཛུམ་ཞལ་བསུ་བའི། །

    སྐྱིད་སྐྱིད་སྟོན་མོར་རོལ་འདི་ཅིས་མི་དགའ། །

    ལེགས་ལེགས་ཚིག་གི་འབྲས་བུ་རྡོག་རྡོག་དག །

    རིང་རིང་དོན་གྱི་སྲད་བུར་བརྒྱུས་པ་ཡི། །

    སྙན་སྙན་དཔེ་རྒྱན་སོ་གཉིས་མགུལ་རྒྱན་ཉིད། །

    སྟོན་མོའི་རྒྱལ་པོར་གྲཌ་པ་གང་དེར་བསྒྲོན། །

    ཆོས་དཔེ།

    གོས་བཟང་རྣམ་བཀྲ་འཇའ་ཚོན་ཤར་བ་བཞིན། །

    གསེར་དངུལ་རྒྱན་ཆ་རྣམ་སྲས་བང་མཛོད་ལྟར། །

    བཟའ་བཅའ་ཅི་རིགས་ཤྭ་འོད་རྒྱུ་བ་བཞིན། །

    ལོ་གསར་ཁྲོམ་ར་ལྷ་ཡུལ་གཉིས་པ་འདྲ། །

    དངོས་དཔེ།

    ནམ་མཁའི་མཐའ་ནས་སྤྲིན་གྱི་ལྷ་རྫས་མངོན། །

    དགུང་ནས་སྣང་བྱེད་གསེར་གྱི་འཁོར་ལོ་འབར། །

    གངས་རིའི་མུ་ཁྱུད་འབྲེལ་བའི་བསིལ་ལྗོངས་ཀྱི། །

    ལོ་གསར་ཁོར་ལྗོངས་སུམ་རྩེན་ཡུལ་དང་མཚུངས། །

    བཟློག་པའི་དཔེ།

    སྔོ་མེར་འཁྱིལ་བའི་ཆབ་ཀྱི་རྫིང་བུ་བཞིན། །

    ཁྲུང་ཕོར་བདུད་རྩི་སྐྱེམས་ཀྱིས་བྱུར་བུར་བཀང་། །

    བྱེའུ་ཆུང་འཇོལ་མོས་གྲེ་བ་འགྱུར་བ་ལྟར། །

    ལོ་གསར་དགྱེས་སྟོན་དབྱངས་ཀྱིས་སྣང་བ་སྤྲོ། །

    ཕན་ཚུན་དཔེ།

    ནེའུ་གསིང་སྟེང་གི་སྤང་རྒྱན་མེ་ཏོག་ལྟར། །

    ཁ་ཟས་ཚོན་ཁྲ་ཅན་གྱིས་ཡིད་བརྟན་འཕྲོག །

    ཁོར་ལྗོངས་མཛེས་པར་བགྱིད་པའི་ཡོན་ཏན་བཞིན། །

    མིག་ལ་མཛེས་པའི་ཟས་ཀྱིས་དང་ཁ་ཕྱེ། །

    ངེས་པའི་དཔེ།

    རབ་དཀར་རྩམ་པས་བཞེངས་པའི་ཕྱེ་མར་འབོ། །

    ལེགས་ཚོགས་འདུ་བའི་ཆོ་ག་ཡོངས་འཛོམས་པ། །

    རྩེ་མོ་གནམ་རེག་གངས་ཀྱི་རི་བོར་མཚུངས། །

    དེ་མིན་དཔེ་ཟླ་སྲིད་འདིར་འཚོལ་བར་ངལ། །

    ངེས་མེད་དཔེ།

    ཚོན་ཁྲའི་གོས་བཟང་སྤུད་པའི་སྙེ་མའི་ཚོགས། །

    སྐྱེད་ཚལ་ཡངས་པའི་མེ་ཏོག་རྗེས་སུ་འགྲོ། །

    དཔེ་ཟླ་དེ་འདྲ་གང་དུ་ཡོད་ཅེ་ན། །

    ལོ་གསར་ཕྱེ་མར་འབོ་དང་མཚུངས་ཞེས་སྨྲ། །

    བསྡུས་པའི་དཔེ།

    མར་ལས་བྱས་པའི་གཏོར་མའི་རྒྱན་ཁོ་ནས། །

    རྨད་བྱུང་མཆོད་པ་བཞེངས་པར་མི་འཐད་དེ། །

    ཡིད་འོང་འཇོ་སྒེག་ལྷ་མོའི་བྱད་བཞིན་བཅས། །

    ལོ་གསར་མཆོད་པའི་ལྷ་མོ་མཛེས་པས་ཀྱང་། །

    ཕུལ་བྱུང་དཔེ།

    ཧོར་ཟླ་དྲུག་པར་ལྷ་ལྡན་ཞོ་སྟོན་ཚུགས། །

    རྒྱལ་གྱི་ཟླ་སྨད་བོད་ཀྱི་ལོ་གསར་ཚེས། །

    ནམ་ཟླའི་དྲོ་གྲང་ཙམ་གྱི་ཁྱད་པར་ལས། །

    ཆོས་གཞན་ལན་མང་བརྟག་ཀྱང་དཔོག་མི་འགྱུར། །

    རབ་བཏགས་དཔེ།

    ཕྱེ་མར་འབོ་ཡི་སྤྱི་བོའི་རྩེ་སྒྲོ་མཆོག །

    མར་ཚོན་ཚེ་རིང་དྲུག་འཁོར་ལྡན་ཡོད་ཅེས། །

    རྟེན་འབྲེལ་གཟུགས་ཀྱི་སྒྱུ་རྩལ་མ་ངོམ་ཞིག །

    ཁྱིམ་མི་བགྲེས་གཞོན་འཛོམས་པར་འགྲན་མི་ནུས། །

    རྨད་བྱུང་དཔེ།

    བྱ་སོགས་མཐུན་པ་སྤུན་བཞིའི་སྣང་བརྙན་གྱིས། །

    ཆ་སྒམ་མཛེས་པའི་དཔལ་ཡོན་བཞད་གྱུར་ཏེ། །

    འཆམ་མཐུན་བདེ་བའི་དགའ་སྟོན་ངོམ་འགྱུར་ན། །

    ལོ་གསར་བཞུགས་གྲལ་ཁྱིམ་མིའི་དཔེ་ཟླར་འོས། །

    རྨོངས་དཔེ།

    བུ་ཚ་མིང་སྲིང་གྱོན་ཆས་ཚོན་བཀྲ་ཡི། །

    ལོ་གསར་གཟབ་སྤྲོས་ཁྲ་ཁྲ་ཟིང་ཟིང་དེར། །

    མིག་དབང་འཁྲུལ་བའི་སྐྱེ་བོ་འགའ་ཞིག་གིས། །

    དཔྱིད་དཔལ་བཞད་ཅེས་ཡང་ཡང་ལྟ་བར་བྱེད། །

    ཐེ་ཚོམ་དཔེ།

    དགའ་ཉེ་གྲོཌ་མཆེད་འགྱུར་མེད་མཛའ་བརྩེ་བརྟན། །

    ཁྱིམ་མཚེས་ལོ་གསར་མགྲོན་བསུ་རེས་སྐོར་གྱི། །

    ཕན་ཚུན་གདན་ཞུའི་འགྲོ་འོང་བྲེལ་བ་དེ། །

    གྲོག་མས་ཐིགས་ས་སྐྱེལ་ལམ་འཕྱང་མོ་ཉུག །

    གཏན་འབེབས་དཔེ།

    དྭངས་གསལ་ངོ་བོའི་སེམས་པ་དྲོ་སོབ་སོབ། །

    འདོམ་གང་གྲུ་བཞིའི་ལུས་ཁམས་ཚ་ཆིལ་ཆིལ། །

    ཕུན་ཚོགས་དཔལ་ལ་རོལ་བའི་ལོ་གསར་འདི། །

    མི་ཡུལ་དུས་སྟོན་ཡིན་གྱི་རྨི་ལམ་མིན། །

    སྦྱར་བའི་དཔེ།

    ཕ་མཐའ་མི་མངོན་དགུང་གི་ཉི་ཟླ་ཟུང་། །

    ཉིན་མཚན་ཀུན་གསལ་འོད་ཀྱི་བདག་ཉིད་ཅན། །

    འཇིག་རྟེན་རྒྱན་མཆོག་བསྔཌ་འོས་བདག་ཉིད་ཅན། །

    ལོ་གསར་བཞུགས་གྲལ་འགོ་འཛིན་ཡབ་ཡུམ་བཞིན། །

    མཉམ་ཉིད་དཔེ།

    གཟིམ་སྒོའི་སྒོ་གླེགས་རྟགས་བརྒྱད་རི་མོས་བརྒྱན། །

    སྒེའུ་ཁུང་ཤམ་བུ་རླུང་གི་རྟ་ཕོར་བཅིབས། །

    དར་ལྕོག་ཚོན་ཁྲ་དགུན་གྱི་འཇའ་ཚོན་ཤར། །

    ལོ་གསར་བཀྲ་ཤིས་ཁ་གཡང་མཁའ་དབྱིངས་ཁྱབ། །

    སྨད་པའི་དཔེ།

    ལོ་གསར་མེ་ཏོག་སྐམ་རྙིད་གསོན་ཤུགས་བྲལ། །

    མར་ཚོན་མཆོད་པས་ཉི་མའི་ཟེར་མི་ཐེག །

    ལོ་ཕུད་ལོ་ལེགས་བསུ་བའི་རྟེན་འབྲེལ་རྫས། །

    མཚན་དཔེ་གཞན་ལས་ཁྱད་དུ་འཕགས་པར་ངེས། །

    བསྔགས་དཔེ།

    དགའ་སྤྲོའི་བཞིན་ལ་པད་མས་འགྲན་མི་བཟོད། །

    བག་ཡངས་སེམས་པར་ནམ་མཁས་གཞལ་ནུས་མིན། །

    དེ་ཟུང་ཉིད་དང་ལོ་གསར་སྐུ་མགྲོན་ཉམས། །

    རྣམ་པ་ཀུན་ལ་བརྟག་པས་མཚུངས་པར་གྱུར། །

    བརྗོད་འདོད་དཔེ།

    བསིལ་ཟེར་འཛུམ་སྟེ་རི་བོང་ངོམ་པ་འམ། །

    གློག་བཞུ་སྨག་རུམ་སེལ་བར་དཔའ་ཡང་རུང་། །

    ཕ་མེས་ཞལ་སྒོ་ཡངས་པ་མཛའ་བའི་གསུང་། །

    དྲོ་འཇམ་ཉི་འོད་འདྲ་ཞེས་བརྗོད་པར་འདོད། །

    འགལ་བའི་དཔེ།

    ཤིང་འབྲས་ཁོག་ལས་བྱུང་བའི་ཉིང་ཁུ་དང་། །

    འོ་མ་སོས་པ་བསྐོལ་བའི་ཇ་མངར་མོ། །

    གྲོ་ནས་གང་རུང་ལས་འབྱུང་སྦི་རག་བཅས། །

    ཕན་ཚུན་འགལ་ཡང་ལོ་གསར་བཏུང་བྱ་ཉིད། །

    དགག་པའི་དཔེ།

    སེམས་ཉིད་ལྷོད་འབེབས་རླུང་སྨན་ཁྱད་ཆོས་ཅན། །

    ངག་ནས་གླུ་དབྱངས་འདྲེན་པའི་ཕོ་ཉ་མཆོག །

    ལོ་གསར་ཆང་རག་མང་ཕྱིར་སྨྱོ་བའི་ཆུ། །

    ཚེ་སྲིང་བདུད་རྩིའི་དཔེ་རུ་ཇི་ལྟར་འོས། །

    ངོ་བསྟོད་དཔེ།

    ཕ་མ་བུ་ལ་ཟོལ་མེད་བྱམས་བརྩེ་ལྡན། །

    བུ་ཕྲུག་ཕ་མར་བཀུར་བསྟི་གཉེན་བཀུར་ཟབ། །

    རྒན་བཀུར་གཞོན་སྐྱོང་ལོ་གསར་བཞུགས་གྲལ་ན། །

    གཅིག་ཤོས་བཟང་བའི་ཁྱད་འཕཌ་འབྱེད་ནུས་མིན། །

    དེ་ཉིད་བརྗོད་པའི་དཔེ།

    ལོ་གསར་གཙང་སྦྲ་དོད་པའི་གཟིམ་ཁང་སྟེ། །

    རྟེན་གསུམ་བཞུཌ་གནས་གཞལ་ཡས་ཁང་བཟང་མིན། །

    དུས་སྟོན་ལེགས་པའི་གོས་རྒྱན་སྤུད་པ་སྟེ། །

    ཁྱིམ་ཚང་ཕན་ཚུན་གོས་རྒྱན་འགྲན་པ་མིན། །

    ཐུན་མོང་མིན་པའི་དཔེ།

    བཀྲ་ཤིས་དགེ་ཚོགས་འཕེལ་བའི་དོན་བཟང་པོ། །

    བདེ་ལེགས་རྟག་ཏུ་བརྟན་པའི་ཚིག་ལེགས་པོ། །

    མི་དགེ་ཐམས་ཅད་སྤྱུགས་པའི་སྨོན་ལམ་གྱི། །

    དཔེ་ཟླ་བཙལ་ཡང་མི་རྙེད་དེ་ཉིད་འཇོག །

    བྱུང་མིན་གྱི་དཔེ།

    འཛམ་གླིང་ཕྱོགས་ཀུན་མི་རིགས་སྣ་ཚོགས་པའི། །

    གོས་བཟང་རྒྱན་ཆ་བགྲང་བས་མི་ཟིན་པ། །

    མཛེས་དང་བདེ་ཆས་ཁྱད་ཡོན་མ་ལུས་པ། །

    ལོ་གསར་རྒྱན་གོས་མཆོག་ཏུ་བསྡུས་པ་བཞིན། །

    སྲིད་མིན་གྱི་དཔེ།

    སེམས་པ་སྐྱིད་པའི་ངག་ནས་སྨྲེ་ངག་དང་། །

    ཞབས་ཟུང་ཐང་མས་འཐེང་པར་མི་བགྲོད་བཞིན། །

    ལོ་གསར་ཕུན་ཚོགས་དཔལ་ལ་རོལ་བ་པོས། །

    སྡུག་བསྔལ་གདུང་བའི་ཅ་ཅོ་བགྱིད་སྲིད་དམ། །

    མང་བའི་དཔེ།

    དཀར་པོ་དམར་པོ་ལྗང་གུ་སེར་པོའི་མདོག །

    ལོ་གསར་ཞལ་ཏོག་ཁ་མདོག་རྣམ་གྲངས་ཉིད། །

    མངར་བསྐ་སྐྱུར་གསུམ་མི་ཚེའི་སྐྱིད་སྡུག་གང་། །

    གསལ་པོར་མཚོན་པའི་གཟུགས་བརྙན་སྟོན་པ་འདྲ། །

    རྣམ་འགྱུར་གྱི་དཔེ།

    ལོ་གསར་ལན་བརྒྱ་གྲོལ་བའི་སྐྱེད་མའི་དབུ། །

    ཁ་བའི་རྡུལ་མང་བསགས་པའི་གངས་རི་འདྲ། །

    བྱད་བཞིན་གཉེར་རིས་དུ་མས་ཁེབས་པ་དེ། །

    སྐྱི་བསེར་རླུང་གིས་འདེད་པའི་རླབས་རིས་བཞིན། །

    ཕྲེང་བའི་དཔེ།

    ལོ་གསར་བཏང་བས་ལོ་གྲངས་བརྩེགས་པ་བཞིན། །

    ན་ཚོད་ལོན་པས་ཉམས་མྱོང་སྣོན་གྱུར་ཏེ། །

    མྱོང་བས་འཇོན་ཐང་གཤོག་ཟུང་རྒྱས་པ་བཞིན། །

    མི་ལུས་རིན་ཆེན་མཚན་དོན་མཚུངས་པར་གྱུར། །

    ངག་དོན་བཞིན་སྒྲ་ཅན།

    ལོ་གསར་ཚེས་བཟང་བསང་གསོལ་དུ་བ་ཡིས། །

    ནམ་མཁར་ཆུ་འཛིན་འཁྲིཌ་པའི་ཉམས་འགྱུར་བསྟན། །

    སྦགས་བཙོག་དྲི་ངད་ཐམས་ཅད་ཕ་མཐར་བསྐྲད། །

    བྱེད་པོས་མངགས་པའི་གཙང་སྦྲའི་བཟོ་པ་བཞིན། །

    ཟླ་བོ་དངོས་པོའི་དཔེ།

    འཇིག་རྟེན་འདི་ན་དུས་སྟོན་མང་གྱུར་ཀྱང་། །

    བོད་ཀྱི་ལོ་གསར་འདྲ་བའི་གྲ་རྒྱས་དབེན། །

    གོས་རྒྱན་རྣམ་གྲངས་སྐར་ཚོགས་བཀྲ་བའི་ཁྲོད། །

    བོད་རིགས་རྒྱན་ཆ་རྒྱུ་སྐར་རྒྱལ་པོ་བཞིན། །

    མཚུངས་སྦྱོར་གྱི་དཔེ།

    ལོ་རྒྱུས་ཡུན་རིང་ལྡན་པའི་ལོ་གསར་གྱིས། །

    མི་རིགས་སྲོལ་རྒྱུན་བཟང་པོ་ལེགས་པར་འཛིན། །

    དེས་ནི་གོམས་སྲོལ་མ་འདོར་རྒྱུན་བསྐྱངས་ཏེ། །

    རིགས་གང་ཉིད་ཀྱི་ཁྱད་ཆོས་མངོན་པར་བགྱིད། །

    རྒྱུའི་དཔེ།

    སྙིང་རྗེ་ལྡན་པས་བྱང་ཆུབ་སེམས་དཔའ་དང་། །

    འཇུངས་པ་བྲལ་བས་དྲི་མེད་ཀུན་ལྡན་ཏེ། །

    སེམས་པ་བཟང་བས་རི་དྭགས་བསེ་རུ་ཉིད། །

    རྩམ་གཟན་མི་རིགས་འགྲོ་བ་མི་ཡི་ཕུད། །

    མཇུག་བྱང་།

    མཐོ་མཐོ་ནམ་མཁའི་བཀྲ་ཤིས་རྟ་ལྗང་ཅན། །

    ཡངས་ཡངས་འཛིན་མའི་ཆུ་སྐྱེས་གྲོགས་སུ་སྟེ། །

    གསལ་གསལ་བློ་ཡི་ཚིག་བཟང་དོན་ཟབ་དབྱངས། །

    ལྷང་ལྷང་བསྒྲཌ་འདིས་བདེ་ལེགས་ཡོངས་རྫོཌ་འདུ། །

    དཔེ་རྒྱན་སུམ་ཅུའི་གྲངས་ལས་བརྒལ་བ་ཡི། །

    མཚན་ཉིད་ལོ་གསར་བརྗོད་བྱར་བྲན་པ་ཉིད། །

    རྡོ་ཆག་སྐམ་པོ་བཙན་སྒྲིག་མ་ཡིན་གྱི། །

    ལྗོངས་འདིར་དགེ་ཚོགས་འདུ་བའི་ཁྱད་ཡོན་ནོ། །

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།