དབུ་ཤོག>བོད་ཀྱི་རིག་གནས།
  • ལོ་གསར་གོང་སྒོ་དང་སྒེའུ་ཁུང་ལ་ཤམ་བུ་བསྒར་དོན་གང་ཡིན་ནམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-15

    111.jpg

    བོད་རིགས་མི་དམངས་ཚོས་སྒོ་དང་སྒེའུ་ཁུང་ལ་ཤམ་བུ་བསྒར་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་ལོ་གསར་གྱི་སྔ་ནུབ་ཏུ་སྒོ་དང་སྒེའུ་ཁུང་གི་ཤམ་བུ་ཚང་མ་གསར་པ་བརྗེས་ནས་ལོ་གསར་པར་བསུ་བ་ཞུ་ཡི་ཡོད་ལ། གཉེན་སྒྲིག་གི་མཛད་སྒོའི་སྐབས་ཀྱང་ཤམ་བུ་གསར་པ་བསྒར་སྲོལ་ཡོད། སྒོ་དང་སྒེའུ་ཁུང་ལ་ཤམ་བུ་བསྒར་དོན་གང་ཡིན་ཟེར་ན། དེའི་ཐད་ཁ་གསལ་བའི་ཡིག་རིགས་སོགས་མཇལ་མ་བྱུང་ཡང་། རྒན་རབས་ལ་བཅར་འདྲི་ཞུས་པ་ལྟར་ན། ཤམ་བུ་བསྒར་སྲོལ་ནི་བཀྲ་ཤིས་རྟེན་འབྲེལ་གྱི་མཚོན་རྟགས་ཤིག་ཡིན་ཏེ། ལོ་གསར་དང་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་ཤམ་བུ་གསར་པ་བསྒར་སྲོལ་ཡོད་པ་དང་། མི་འདས་གྲོངས་སོགས་བཀྲ་མི་ཤིས་པའི་བྱ་བ་འབྱུང་སྐབས་མྱ་ངན་མཚོན་བྱེད་དུ་ཤམ་བུ་ཕབ་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་ཤམ་བུ་བསྒར་སྲོལ་དེ་རྟེན་འབྲེལ་མཚོན་བྱེད་ཞིག་ཡིན་ཞིང་། སྒོ་དང་སྒེའུ་ཁུང་ལ་ཤམ་བུ་བསྒར་བ་དེ་ཁང་པའི་མཛེས་རྒྱན་ཆེད་དུ་ཡིན་པ་ནི་གཏན་འཁེལ་ནས་བཤད་ཆོག་པ་ཡིན། ཁྱིམ་ཚང་སོ་སོའི་འཁོས་ཀ་ལ་གཞིགས་ཏེ་འབྱོར་པ་ཅན་གྱིས་གྲུ་རྩེའི་ཤམ་བུ་བསྒར་གྱི་ཡོད་པ་དང་གཞན་ཚོས་རས་ཀྱི་ཤམ་བུ་བསྒར་གྱི་ཡོད། བོད་རིགས་ཀྱི་ཁང་པའི་སྒོ་དང་སྒེའུ་ཁུང་ལ་མཛེས་ཤིང་ལྟ་ན་སྡུག་པའི་ཚོན་གཏོང་སྲོལ་ཡོད་པས་ཤམ་བུ་བསྒར་བ་དེས་མཛེས་རྒྱན་དང་རྟེན་འབྲེལ་མཚོན་བྱེད་ཁོ་ན་མིན་པར་སྒོ་དང་སྒེའུ་ཁུང་གི་ཚོན་རྩིར་སྲུང་སྐྱོབ་ཀྱི་ནུས་པའང་ཐོན་ཐུབ་ཀྱི་ཡོད། གཞན་ཡང་གཙང་ཁུལ་ལྟ་བུར་ཆ་བཞག་ན་དེར་ཆར་ཡོལ་ཞེས་འབོད་སྲོལ་ཡོད་པས། དེ་ལས་ཀྱང་གང་གི་དོན་བྱེད་ནུས་པ་མདོ་ཙམ་རྟོགས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།