ཕ་ཡུལ་ནས་གྱེས་ཐེངས་རེར།
དང་པོ།
མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཟེར་བའི་དཔེ་ལྟར། ད་ཆ་ང་རང་ཡང་ཕྲུ་གུའི་ཕ་རྒན་དང་ཁྱིམ་ཚང་གི་བཟའ་དཔོན་དུ་གྱུར་བས་ན། ཆུང་དུས་ཀྱི་ལྷོད་གཡེང་དང་བག་ཕེབས་ཀྱི་སྣང་བ་དག་མེད་པར། སྒམ་ནན་དང་གཞིས་ཆགས་ཀྱི་བསམ་བློ་ཞིག་གིས་དཀྲིས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་གཞུང་དོན་ཕྲན་ཚེགས་དང་། བུའི་སློབ་སྦྱོང་གི་གནས་ཚུལ། ཁྱིམ་ཚང་གི་ལས་ཀ་ཙག་ཙིག་སོགས་དོན་ཆེ་དོན་ཆུང་མང་པོའི་ཁྲོད་དུ་མགོ་བོ་གདུགས་ལྟར་འཁོར་ནས། རང་ཉིད་ལ་ལྷོད་བག་ལྡན་པའི་ཁོམ་སྐབས་ཤིག་རྙེད་མི་ཐུབ་ལ། ཐ་ན་ངལ་གསོའི་དུས་ཚོད་ལའང་བུའི་སྦྱང་གཞིར་ཟུར་ཁྲིད་དང་ཁྱིམ་དོན་ཕྲན་བུར་འདུར་དགོས་པ་ནི་ཕ་རྒན་ཞིག་གིས་བསྒྲུབ་འོས་པའི་ལས་འགན་ཡིན་པས་གཡོལ་ག་ལ་རུང་།
ནམ་རྒྱུན་ལྟར། ངལ་གསོའི་ཁོམ་པ་སྤྱད་དེ་ཕ་ཡུལ་དུ་ལོ་ན་བགྲེས་པའི་ཕ་མ་རྣམ་གཉིས་དང་སྤུན་མཆེད་ཚོ་ཐུག་འཕྲད་བྱེད་པར་འགྲོ་རྒྱུ་ནི་ད་ཆ་ངའི་སེམས་དབུས་ཀྱི་རྒྱ་མཚོ་ལས་འཕྱུར་བའི་བསམ་འདུན་གྱི་རྦ་རླབས་དྲག་པོ་ཞིག་ཡིན་འདུག་སྟེ། ཕ་ཡུལ་དུ་འགྲོ་ཐེངས་རེར་ལུས་པོ་ཡོངས་ལྷོད་ལ་བབས་ཤིང་། ལས་ཀའི་རྙོག་འཛིང་དང་ངལ་དུབ་དག་ཀྱང་བརླག་པར་བྱེད། གཅིག་བྱས་ན་དེ་ནི་ཕ་ཡུལ་གྱིས་སྦྱིན་པའི་ལེགས་སྐྱེས་ཤིག་ཡིན་སྲིད་ལ། ཕ་ཡུལ་ལ་བཅངས་པའི་དུང་བ་ཞིག་ཀྱང་ཡིན་སྲིད། ཕ་ཡུལ་དུ་ལོག་དུས། གྲོང་ཁྱེར་ནས་ཚལ་རིགས་སོས་པ་དང་པཱ་ལགས་མཉེས་པའི་བཞེས་ཐག དེ་བཞིན་ཚ་བོ་ཚ་མོ་ཚོར་ཀེག་ལ་སོགས་པའི་རྔན་པ་མི་ཉུང་བ་ཞིག་ཉོས་ནས་རང་གི་བསམ་པ་མཚོན་ཐབས་བྱེད་མོད། ལོ་ན་བགྲེས་པའི་རྒན་རྒོན་རྣམ་གཉིས་ཀྱི་ངོས་ནས་བརྗོད་ན། བུ་ཕྲུག་ཚོ་ཁྲ་རོག་རོག་ངང་མཉམ་འཛོམས་དང་། དགའ་དགའ་སྤྲོ་སྤྲོའི་ངང་བདེ་ཐང་དུ་འཚར་ལོངས་བྱུང་བ་ནི་ཁོང་རྣམ་གཉིས་ལ་ཕུལ་བའི་ལག་རྟགས་ཡག་ཤོས་ཤིག་ཡིན་པ་ཕྲུ་གུའི་ཕ་མར་གྱུར་པའི་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་ལས་ཀྱང་རྟོགས།
འཚོ་བ་ནི་ངལ་དུབ་ཁོ་ནས་མཚོན་དགོས་པ་ཞིག་ག་ལ་ཡིན། དེ་བས་ཀྱང་ངལ་དུབ་ཁྲོད་དུ་བརྗོད་མི་ཚར་བའི་མྱོང་བ་དམིགས་བསལ་ཅན་ཞིག་ཡོད་པ་ནི་ད་གཟོད་འཚོ་བའི་རིན་ཐང་དང་དོན་སྙིང་གིས་ཕྱུག་པའི་མི་ཚེའི་བརྒྱུད་རིམ་ཞིག་ཅི་ལ་མིན། ཕ་ཡུལ་དུ་ལོག་དུས། དགའ་སྤྲོ་དང་སྐྱིད་སྣང་གི་བློ་ཁ་ཞིག་གིས་མངོན་དུ་ཕྱོགས་ཀྱང་། ཕ་ཡུལ་ནས་གྱེས་ཐེངས་རེར། སྐྱོ་ཤས་དང་མཚར་སྣང་ཞིག་གིས་བདག་གི་སེམས་ཆུང་ཕྲ་མོ་མཆི་མའི་ཟིལ་པས་བརླན་པར་བྱེད།
གཉིས་པ།
ཕ་མ་སྤུན་མཆེད་ལྷན་དུ་དགའ་སྤྲོའི་འདུ་འཛོམས་ལ་ཉིན་འགར་རོལ་རྗེས། རང་གི་ཕུགས་འདུན་དང་ལས་དོན་ཆེད་སླར་ཡང་ཕ་མ་རྒྱབ་ཏུ་བཞག་ཅིང་ཕ་ཡུལ་རྒྱང་དུ་བསྐྱུར་ཏེ། འདུ་འཛི་དང་འགྲན་རྩོད་ཆེ་བའི་གྲོང་ཁྱེར་དུ་ལོག་དགོས། དེ་བས་ཀྱང་། རང་གི་མི་ཚེའི་རྟེན་དུ་གྱུར་པའི་ལས་དབང་གི་གཞིས་ཁྱིམ་དུ་ལོག་དགོས་པས། ཕ་ཡུལ་ལས་གྱེས་ཐེངས་རེར། སེམས་པ་བརྗོད་མི་ཤེས་པའི་སྣང་བ་སྐྱུར་མོ་ཞིག་གིས་བཏུམས།
ཐེངས་རེ་རེ་བཞིན། ཕ་ཡུལ་གྱི་གྲམ་གཞུང་འཕྲེད་དུ་བཅད་དེ་འཁོར་འགྲོས་དལ་མོ་དང་བསྟུན་ནས་རི་ལམ་ཀྱག་ཀྱོག་དག་བརྒྱུད་དུས། བྱིས་དུས་ཀྱི་དྲན་འཆར་མང་པོ་ཞིག་ཟློས་གར་ལ་རྩེན་པ་ལྟར་ངའི་ཡིད་ཁམས་ཀྱི་རྒྱ་མཚོའི་ཀློང་དུ་གཡོ་བར་བྱེད། གླིང་སྦུག་རྩྭ་ཐང་དུ་རྩྭ་ཆུའི་ལོངས་སྤྱོད་ལ་རོལ་བཞིན་པའི་ཕྱུགས་རིགས་དག་དང་། མདུན་རིའི་འདབས་སུ་འབའ་སྒྲ་སྙན་མོ་བྲག་ཅར་འཁོར་བའི་གཡང་དཀར་ལུག་ཁྱུ། ཞིང་ཐང་ཡངས་པོའི་སྔོ་ལྗང་ལོ་ཏོག་གི་འདབ་ལོ་དལ་བུར་གཡོ་བའི་རྣམ་པ་དག་མཐོང་ཐེངས་རེར། ཆུང་བྱིས་པའི་དུས་སུ་ལུག་རྫི་སྤོ་བོ་དཔལ་ལྡན་ལྷན་དུ་གླའོ་ནང་དུ་ལུག་འཚོ་བར་འགྲོ་དུས། ཁོང་གིས་གསུངས་པའི་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་དང་། སྒོག་མཁར་གཞིས་ཀའི་འདས་སོང་གི་ལོ་རྒྱུས་སོགས་དྲན་འཛིན་ངོས་སུ་ཁྲ་ལྷམ་མེར་འཆར་འོང་ལ། ཨ་ཁུ་བདེ་དངོས་ལགས་དང་མཉམ་དུ་གཡང་དཀར་ལུག་ཁྱུའི་རྨིག་རྗེས་དེད་དེ་རི་མགོ་རེ་རེ་འགྲིམས་དུས་ཁོང་གིས་བསླབས་པའི《ཤར་ཕྱོགས་སྤྲིན་བཟང་དཀར་པོ》ཞེས་པའི་སྒོར་གཞས་ཀྱི་གདངས་དབྱངས་སྙན་མོ་དང་། ལྡེམ་ཞིང་འཁྱུག་པའི་སྟངས་སྟབས་ཀྱང་དྲན་འོང་། ཡིན་ནའང་། ད་ཆ་ལོ་ཟླའི་ཁུར་པོས་མནན་པའི་ཨ་ཁུ་བདེ་དངོས་ལགས་ཀྱི་སྙན་འཇེབས་ལྡན་པའི་གྲེ་འགྱུར་དང་ཡང་ཞིང་འཕྱོར་བའི་སྟངས་སྟབས་མ་མཇལ་བར་ལོ་མང་འདས་ཤིང་། སྤོ་བོ་དཔལ་ལྡན་ལགས་ཀྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཀྱང་ལོ་ཟླའི་རླུང་བུས་རྒྱང་ནས་རྒྱང་དུ་ཁུར་ཏེ་ང་ཚོར་མུ་མཐུད་ཉན་པའི་སྐལ་བ་ཟད། ད་ནི་ལོ་ཟླའི་སྲུབས་ཀ་ནས་འཚར་བའི་དྲན་འཛིན་གྱི་མེ་ཏོག་དག་སྐམ་རྙིད་དུ་སོང་ལ་ཉེ་མོད། ཚན་རིག་མཐོ་རླབས་ཀྱི་དུང་བརྡ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ཏེ། སྣ་མང་གློག་ཆས་ཀྱི་ངོ་མཚར་ལས་ངའི་དྲན་པའི་སྤང་གཤོངས་ངོས་སུ་འདས་དོན་གྱི་ཤ་མོ་འཁྲུངས་པ་ཐེངས་རེ་གཉིས་མིན།
ཅོ་སྒང་ལ་རྩེར་འབྱོར་དུས་སྨུག་པའི་དར་གྱིས་དཀྲིགས་པའི་རི་བོའི་དབུ་རྩེ་དག་ལས་སྙན་མོ་དབྱངས་ཀྱི་འགྱུར་ཁུག་རེ་འཁྲོལ་བཞིན་འདུག་པ་ནི། གཡང་དཀར་མ་མོའི་མགུལ་དུ་བཏགས་པའི་སིང་སིང་དྲིལ་བུའི་རོལ་དབྱངས་རེད། དེ་ནི་དབྱར་གྱི་དུས་སུ་རི་འགོ་སྨུག་པས་དཀྲིག་དུས། སྤྱང་གྲུང་ལྡན་པའི་ལུག་རྫི་བས་ཁྱུ་ལས་བྲལ་བའི་ལུག་རྒན་རེ་འགའ་འཚོལ་སྐབས་མུན་ནག་སྦར་ཉུལ་བྱེད་མི་དགོས་པར་སྙན་པའི་དྲིལ་སྒྲ་རྟགས་སུ་བྱེད་པའོ།
གསུམ་པ།
འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་རྒྱས་སྤྲོས་འཚོ་བ་ཁོ་ནར་གོམས་པའི་མི་ཞིག་ལ་མཚོན་ན། བགྲོད་ལམ་རྫོབ་པོ་དང་ས་རོང་རྩུབ་པོའི་ས་ཆར་འགྲོ་མི་འདོད་མོད། ཕ་ཡུལ་གྱི་ལམ་འཕྲང་ནི་ཅི་འདྲའི་རྩུབ་ཅིང་ལམ་ཐག་རིང་ནའང་། ང་རང་ངེས་པར་འགྲོ་དགོས་ཡོད། གྱ་གྱུའི་ལམ་གྱི་ཟུར་ཁ་ནས་འཐུལ་བའི་སེ་ཤིང་གི་བསུང་ཞིམ་མངར་མོ་ནི་ནམ་ཡང་ངའི་ཡིད་ཀློང་དུ་འཐུལ་བའི་ཕ་ཡུལ་གྱི་དྲི་ཞིམ་ཡིན་ལ། དེར་བཅོས་མིན་གྱི་དྲན་པ་ཞིག་དང་རེ་བ་ཁྲི་འབུམ་གྱི་འཛུམ་མདངས་ཕྱུང་ནས་ཡོད་པས། ངས་ཅིས་ནས་ཀྱང་ཕ་ཡུལ་དུ་ལོག་རྒྱུ་མ་བརྗེད་པ་བྱེད་དགོས།
ཕ་ཡུལ་ནས་གྱེས་ཐེངས་རེར། ངའི་ཕ་ཡུལ་དྲན་པའི་གདུང་བ་ཇེ་ཟབ་ནས་ཇེ་ཟབ་རེད། “ལྷོ་གྲོག་ཆུ་མོའི་ཆུ་དེ། །ཐུག་པའི་ཐུག་ཆུ་མི་འདང་། །བྱང་གྲོག་ཆུ་མོའི་ཆུ་དེ། །དྭངས་གཙང་ཡོན་ཆབ་འབུལ་ཡས” ནམ་རྒྱུན་ཀུ་རེར་དགའ་བའི་རྒན་རྒོན་རེ་ཟུང་གི་ཚུགས་ཀ་དང་ཕ་ཡུལ་གྱི་གཡས་གཡོན་ནས་བཞུར་བའི་ཆུ་བོ་གཉིས་པོའི་ལས་འབྲེལ་རྟོགས་མཁན་ནི་ཕ་ཡུལ་གྱི་ལོ་རྒྱུས་རྡོ་རིང་ལྟར་དུ་བཞུགས་པའི་རྒན་རྒོན་ཚོ་ལོས་ཡིན། ད་ཆ་ཕ་ཡུལ་དུ་དགུང་ལོ་བརྒྱད་ཅུར་ཕེབས་པའི་ལོ་རྒྱུས་རྡོ་རིང་ལྔ་དྲུག་ཡོད་པ་ནི། ཡུལ་མི་ཚོས་ཆ་འཇོག་མིག་དཔེར་འཛིན་པའི་ལོ་ཟླའི་དྲན་ཤིང་ཅི་ལ་མ་ཡིན།
ང་ཚོ་འདི་ལ་འཛོམས་འཛོམས། །གཏན་དུ་འཛོམས་རྒྱུ་བྱུང་ན། །གཏན་དུ་འཛོམས་པའི་མི་ལ། །སྙུན་གཞི་གོད་ཆག་མ་གཏོང་།
ལམ་བར། རླངས་འཁོར་ནང་ནས་གྲགས་པའི་གླུ་གཞས་དེའི་གདངས་ལ་དཔག་ན། ངག་ལ་མི་བདེ་བའམ་ཡིད་ལ་མ་གོམས་པ་ལྟ་བུའི་འགྱུར་བ་ཅུང་ཡོད་པ་ཙམ་ལས། ཚིག་ནི་ངའི་ཕ་ཡུལ་གྱི་རོལ་དབྱངས་དང་གཅིག་ཏུ་སྣང་། འོ་རེད། དེ་ནི་དམངས་ཁྲོད་གླུ་གཞས་ཤིག་ཡིན་པས་ན། དེ་ལ་དམངས་ཁྲོད་རྩོམ་རིག་གི་འཕེལ་འགྱུར་དང་རྒྱུན་འཛིན་སོགས་ཀྱི་རང་བཞིན་ལྡན་སྲིད་པ་ནི་ཀུན་གྱིས་རྟོགས་ངེས།
གླུ་གཞས་དེའི་རོལ་དབྱངས་ཅི་འདྲའི་སྙན་པ་ལ་ཨང་། མཚམས་དེར། ང་རང་ལོ་བདུན་ཡིན་པའི་སྐབས་སུ། ལུག་ཁྱུ་ཐང་ཅུང་ཞེས་པའི་ས་ཆར་སྐྱས་སྤོས་ཏེ། ལུག་རྫི་འགའ་དང་མཉམ་དུ་ཉལ་ཆས་ཁུར་ནས་ལུག་རྫིར་འགྲོ་སྐབས་ཀྱི་སྣང་ཚུལ་ཡིད་ལ་དྲན་བྱུང་། ལོ་དེར། ང་རང་ལོ་ན་ཕྲ་ཡང་། ཁྱིམ་གྱི་ཕྲུ་གུ་ལྔ་ཡི་རྒན་འགོ་ཡིན་སྟབས། མི་གཅིག་གི་ལས་སྣེ་ཟིན་པ་བྱེད་དགོས་པ་ནི་ཀུན་གྱི་སྣང་ངོར་གྲུབ་པའི་གཅིག་མཐུན་གྱི་འདོད་ཚུལ་ཞིག་རེད། འོན་ཏེ། རུ་ཁག་གི་ཐོག་མའི་འཆར་གཞི་ལྟར་ན། བྱིས་པ་ཆུང་ཆུང་ལུག་རྫིར་བཏང་མི་ཆོག་མོད། གཙོ་བོ་ལུག་རྫི་རྒན་པོའི་ངག་ལ་ཉན་དགོས་པས། ལུག་རྫི་རྒན་པོ་དགྲ་འདུལ་ལགས་ནི་གཅིག་ནས་ངའི་སྤུན་ཉེ་ཡིན་པ་དང་། གཉིས་ནས་ང་རང་ཕྲུ་གུའི་དཀྱིལ་ནས་རྒན་འགོ་ཡིན་སྟབས། ང་མ་གཏོགས་ལུག་རྫིར་འགྲོ་མཁན་གཞན་མེད་པས། ཁོང་མཉམ་དུ་ལུག་རྫིར་འཁྲིད་རྒྱུར་ཁས་བླངས།
སྤྱིར་ངའི་ཕ་ཡུལ་ཡར་འབྲོག་གི་དགུན་དུས་ནི་སྔ་དགོང་གྲང་ལ་ཉིན་ལམ་ཐུང་ཞིང་མཚན་མུན་རིང་བས་ན། དུད་ཁྱིམ་ཚང་མས་མཚན་མོ་སྒྲོན་འོད་འོག་ཏུ་བལ་འཁེལ་བ་སོགས་ཙག་ཙིག་ལས་ཀར་རོལ་ནས་ནམ་ཕྱེད་བར་སྡོད་རྒྱུར་གོམས་ཡོད། ལུག་རྫི་རྒན་པ་རྣམས་ཀྱང་རྫ་མེའི་གཡས་གཡོན་དུ་ཟོན་པ་འཚེམ་པའམ། སྐུད་པ་བཟོ་བ་དང་། བདག་ལྟ་བུ་གང་ཡང་མི་ཤེས་པའི་བྱིས་པ་ནི་ལུག་རྫི་རྒན་གྲས་ཚོས་གསུངས་པའི་གཏམ་རྒྱུད་ལ་ཉན་ནས་མེ་ལ་ལྕི་བ་བུད་རྒྱུ་ཙམ་རེད། སྐབས་དེ་དུས། ཉིན་མོ་ལུག་འཚོ་དུས་ཅུང་དཀའ་ནའང་། མཚན་མོ་བཞུ་མར་འོག་ཏུ《སྤྲང་ཕྲུག》དང《བུ་མོ་སྤུན་གསུམ》སོགས་ཀྱི་སྒྲུང་གཏམ་སྣ་ཚོགས་ཉན་རྒྱུ་ཡོད་སྟབས། རྣམ་གཡེང་ལ་དགའ་ཞིང་འཇིག་རྟེན་གྱི་གནས་ལུགས་མི་རྟོགས་པའི་བདག་ནི་མཚན་མོའི་སྙན་འཇེབས་ལྡན་པའི་སྒྲུང་གཏམ་ཉན་ཆེད་ཉི་མ་མགྱོགས་ཙམ་བཞུད་ལ་རེ་བཞིན་ཡོད། ལྷག་པར་དུ། ལུག་རྫི་དགྲ་འདུལ་ལགས་ཀྱིས་མཚན་མོའི་གོ་གྲལ་དུ་ཁོ་བོར་མུ་ཏིག་འཚེམ་བུ་དང་། ཟོན་པའི་ལྕགས་རི་བསྐོར་སྟངས། འུར་རྡོ་ལྷས་སྟངས། ཟོན་པར་མེ་ཏོག་རྒྱག་ཚུལ་སོགས་ཀྱི་འཚེམ་བུ་རྒྱག་སྟངས་མང་པོ་བསླབས་མྱོང་བ་མ་ཟད། ཟོན་པའི་ལྕགས་རི་བསྐོར་བ་སོགས་ལས་ཀ་ཆུང་ཙག་རིགས་ཁོ་བོར་བྱེད་དུ་འཇུག་གི་ཡོད། ཉིན་ཞིག་ངས་པཱ་ལགས་ཀྱིས་ང་ཚོ་བུ་ཕྲུག་ཚོའི་ལོ་གསར་ལྷམ་ལ་མེ་ཏོག་རྒྱག་བྱེད་ལྷས་པའི་སྐུད་པ་རྣམས་ཁྱེར་ནས། གན་ལྡེའི་སྟེང་མེ་ཏོག་སྣ་ཚོགས་བརྒྱབ་སྟེ་རང་རྩལ་ངོམ་པ་ན། ལོ་དེའི་ལོ་གསར་སྐབས་ངེད་ཚོ་བུ་ཕྲུག་ཚོ་ལྷམ་རྙིང་པ་མི་གྱོན་ཀ་མེད་བྱུང་།
ཆུང་དུས་ཀྱི་གནས་ཚུལ་ལ་བསམ་གཞིག་བྱེད་ཀྱིན་རླངས་འཁོར་ཡང་ལྕིལ་ཆུང་གྲོང་ཚོའི་འགྲམ་ངོགས་སུ་བསླེབས། དེ་གར་ཉིན་ལྟར་ཡུལ་སྐོར་མཛེས་ལྗོངས་ལ་མྱོང་རོལ་གྱིས་རི་ཆུའི་རིག་གནས་ལ་ལོངས་སུ་སྤྱོད་པར་དགའ་བའི་ཡུལ་སྐོར་བ་བརྒྱ་ཕྲག་ཟིན་ཞིང་། ཡུལ་སྐོར་བྱ་གཞག་ལ་བརྟེན་ནས་ཕ་ཡུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་ངོ་མཚར་ཆེ་བའི་ལེགས་སྐྱེས་འབུལ་བཞིན་ཡོད་པ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན་མོད། ཡུལ་སྐོར་བ་རེ་འགས་སྙིགས་རོ་རང་སར་གཡུགས་ནས་ན་ཆུང་བུ་མོའི་བཞིན་བཟང་ལ་ཅོ་འདྲི་བའི་ཕ་ཡུལ་གྱི་དབྱར་ལྗོངས་མི་གཙང་ར་རིས་སྦགས་པའི་ཚུལ་མཐོང་དུས། ངའི་སེམས་ལ་བརྗོད་མི་ཤེས་པའི་སྐྱོ་སྣང་ཞིག་ཀྱང་ངང་གིས་སྐྱེས་འོང་། ད་ཆ་ཡུལ་གྲུ་གར་སར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་ས་ཁུལ་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བཞིན་གྲོང་མིའི་བྱང་ཚད་ཀྱང་མཐོ་རུ་ཕྱིན་ཡོད་མོད། སྣང་ཚུལ་དང་སྣང་ཚུལ་འགའི་བར་ན་ད་དུང་ཧེ་བག་ཅུང་ཡོད་པ་ནི་དཔལ་འབྱོར་འཕེལ་རྒྱས་ཁོ་ནས་ལྡོག་པར་དཀའ་བའི་འགལ་འདུའི་ཕུང་པོ་ཞིག་དང་། དཔལ་འབྱོར་འཛུགས་སྐྲུན་གྱིས་མིའི་སེམས་ཁམས་ལ་བཞག་པའི་རྨ་ཁ་ཞིག་མིན་ནམ་སྙམ་བདག་སེམས་ཐེ་ཚོམ་གྱི་དྲ་བར་ཚུད།
བཞི་པ།
ནུབ་ཁའི་མཚམས་སྤྲིན་གྱི་འོད་མདངས་གཡུ་མཚོའི་ངོས་སུ་འཕྲོས་པས། ཉི་ནུབ་ཀྱི་མཛེས་ལྗོངས་ནི་སུས་ཀྱང་འགྲན་མི་བཟོད་པའི་སྣུམ་ཚོན་རི་མོ་ཞིག་ཡར་འབྲོག་ཁུལ་དུ་བཀྲམ་པ་དང་གཉིས་སུ་མ་མཆིས། ཆུ་སྐྱར་འགའ་འཕུར་མ་ལྡིང་གིས་ཆུ་ཁར་གཡེངས་པའི་ངང་ཚུལ་ནི་གོམ་པ་སྤོ་ཤེས་མ་ཐག་པའི་བྱིས་པ་དང་ཅི་འདྲའི་མཚུངས་ཨང་། ཉི་ནུབ་ཀྱི་མཛེས་ལྗོངས་པར་དུ་ལེན་ལ་སྤྲོ་བའི་ལྗོངས་རྒྱུ་བ་དང་། ལྗོངས་རྒྱུ་བའི་པར་མིག་གི་ངོ་མཚར་ལ་གཡེང་བཞིན་པའི་ཡར་འབྲོག་པ། དེ་བཞིན་སྤང་སྟེང་གི་ཁུང་བུ་ནས་མགོ་བོ་ཐོན་ཙམ་ཐོན་ཙམ་དང་བྲེལ་འཚུབ་ཀྱིས་ཕར་འཛུལ་ཚུར་ཐོན་བྱེད་པའི་རྫ་ར་སེར་སྐྱ། གཞུང་ལམ་གཡས་གཡོན་དུ་རྐང་འཇབ་ལག་འཇབ་ཀྱིས་ཕར་འགྲོ་ཚུར་འོང་ལ་བྲེལ་བའི་བྱི་བ་སྨུག་ཆུང་། འདི་ལྟ་བུའི་ཡུལ་ལྗོངས་དང་འདི་ལྟ་བུའི་སྣང་བས་བདག་གི་ཡིད་སེམས་ལྷིང་འཇགས་ཀྱི་དཔལ་ལ་འཁོད་ནའང་། ཕ་ཡུལ་ལས་བྲལ་བའི་གདུང་བ་ནི་འགོག་ཐབས་མི་འདུག
ངོ་མ། མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཟེར་བ་དེ་ཅིས་མི་བདེན། ད་ཆ་ན་ཚོད་ཁུར་གྱིས་ལྕི་བའི་མི་མང་པོ་ཞིག་ཕ་ཡུལ་དུ་ལོག་པར་སྟ་གོན་བྱེད་བཞིན་འདུག་ལ། ཕ་ཡུལ་གྱི་ཞིམ་ཟས་དང་མཛེས་ལྗོངས་དག་ལ་ཡང་ཡང་འདང་རེ་རྒྱག་བཞིན་མཆིས།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣